2026-07-20
སྤྱི་ཟླ7པའི་ཚེས11ཉིན། གསར་འགོད་པས་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ནས་ཤེས་རྟོགས་བྱུང་དོན། སྔོན་དཔག་བྱས་ན་ད་ལོའི་སྤྱི་ཟླ9པའི་ཟླ་མཇུག་གོང་སི་ཁྲོན་གྱི་མཚོ་འཕགས་སྨི2800ཡན་ཟིན་པའི“གངས་ལྗོངས་ས་མཐོའི་ལས་བཟོའི་ཁྱིམ་ཚང”གནས་ཡུལ66ལ་གསོ་རླུང་མཁོ་འདོན་སྒྲིག་ཆས་གཅིག་རྗེས་གཉིས་མཐུད་ངང་སྒྲིག་སྦྱོར་བྱ་རྒྱུ་ཡིན་ལ། ལས་བྱེད་ལས་བཟོ་སྟོང་ཕྲག་མང་པོར་ཐད་ཀར་ཕན་པ་འཐོབ་རྒྱུ་དང་འབྲེལ་མཐའ་འཁོར་གྱི་ལས་བཟོ་མང་ཚོགས་ཁྲི5ཙམ་ལ་ཞབས་འདེགས་ཞུ་རྒྱུ་ཡིན་པ་རེད།
སི་ཁྲོན་བོད་འབྲེལ་ས་ཁུལ་གྱི་ཆ་སྙོམས་མཚོ་འཕགས་མཐོ་བ་དང་ལས་བྱེད་པ་དང་ལས་བཟོ་ཁག་གཅིག་གིས་དུས་ཡུན་རིང་པོའི་ནང་མཐོ་གྲང་དང་གསོ་རླུང་དཀོན་པའི་ཁོར་ཡུག་ཁྲོད་ལས་ཀ་དང་འཚོ་བ་སྐྱེལ་གྱིན་ཡོད་པས་གསོ་རླུང་མཁོ་འདོན་གྱི་དགོས་མཁོ་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད། ཉེ་བའི་ལོ་ཤས་རིང་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས་རིམ་རྩིས་བྱས་ན"གངས་ལྗོངས་ས་མཐོའི་ལས་བཟོའི་ཁྱིམ་ཚང"གི་གནས་ཡུལ་འཛུགས་སྐྲུན་ལས་གཞི77ལག་ལེན་བསྟར། ད་ལོར་གསོ་རླུང་མཁོ་འདོན་སྒྲིག་བཀོད་སྒྲིག་སྦྱོར་ལས་དོན་སྤེལ་འགོ་བཙུགས་ཡོད་པ་རེད།
ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས་རྔ་བ་ཁུལ་དང་དཀར་མཛེས་ཁུལ། ལིའང་ཧྲན་ཁུལ་བཅས་དང་དེ་བཞིན་འབྲེལ་ཡོད་རྫོང(གྲོང་ཁྱེར)གི་སྤྱི་ཁྱབ་བཟོ་ཚོགས་སྒྲིག་འཛུགས་བྱས་ནས་གནས་ཡུལ་ཁག་གི་ས་བབ་མཐོ་ཚད་དང་ད་ཡོད་ཀྱི་སྒྲིག་ཆས་དང་དགོས་མཁོ་ཁྱོན་ཡོངས་ནས་མཐིལ་རྟོགས་དང་ཁོང་དུ་ཞིབ་ཕྲ་ཆུད་པར་བྱས་པ་རེད། ཕྱོགས་བསྡུས་ཞིབ་འཇུག་བརྡར་ཤ་བཅད་པ་བརྒྱུད་བཀོད་སྒྲིག་ཁྱབ་ཁོངས་ནང་བཅུག་པའི་གནས་ཡུལ་ཁྱོན66ཡོད་པའི་ནང་རྔ་བ་ཁུལ་ལ15དང་དཀར་མཛེས་ཁུལ་ལ49དང་། ལེའང་ཧྲན་ཁུལ་ལ2དང་བཅས་ཡོད་པ་རེད། གནས་ཡུལ་མི་འདྲ་བའི་མི་གྲངས་ཀྱི་གཞི་ཁྱོན་དང་དངོས་ཡོད་ཆ་རྐྱེན་ལ་གཞིགས་ནས་གཅིག་བསྡུས་ཀྱིས་གསོ་རླུང་མཁོ་འདོན་དང་། ཁ་ཐོར་རྣམ་པའི་གསོ་རླུང་ཆས་བཟོ་བ་དང་། སྟེགས་འཇོག་གསོ་རླུང་ཆས་རིགས་གསུམ་པ་སྒྲིག་བཀོད་སྒྲིག་ཆས་བཅས་ཕན་ཚུན་གསབ་རེས་བྱེད་ཐབས་སྤྱད་དེ་རིགས་ཕྱེ་ནས་བཀོད་སྒྲིག་བྱ་རྒྱུ་ཡིན་པ་རེད།
ལས་གཞི་འདི་ནི2026ལོར་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ལས་བཟོ་བར་ཕན་པའི་དོན་དངོས་བཅུའི་གྲས་ཤིག་ཡིན།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10