ཡུལ་ཤུལ་དང་དཀར་མཛེས་ཁུལ་གཉིས་ཀྱི་མཐའ་མཚམས་ལས་དོན་ཚོགས་འདུ་འཚོགས།

        2026-05-25

སྤྱི་ཟླ5པའི་ཚེས20ཉིན། ཡུལ་ཤུལ་ཁུལ་དང་དཀར་མཛེས་ཁུལ་བར་གྱི་མཐའ་མཚམས་མཛའ་གྲོགས་ས་ཁུལ་མཉམ་དུ་གཏོད་པའི་ལས་དོན་བཞུགས་མོལ་ཚོགས་འདུ་དར་མདོར་འཚོགས་ཤིང་། དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་དང་ཡུལ་ཤུལ་ཁུལ་ཨུའི་ཧྲུའུ་ཅི་མ་རུའེ་བཞུགས་མོལ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གནང་བ་རེད།

ཡུལ་ཤུལ་དང་དཀར་མཛེས་ཁུལ་གཉིས་ཀྱི་མཐའ་མཚམས་ལས་དོན་ཚོགས་འདུ་འཚོགས།

    ཀྲའོ་པོ་ཡིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་མཛད་ནས་མ་རུའེ་དང་བཅས་པ་དཀར་མཛེས་ཁུལ་དུ་ཕེབས་པར་དགའ་བསུ་ཞུས་པ་དང་། ཡུལ་ཤུལ་ཁུལ་གྱིས་དུས་ཡུན་རིང་པོའི་ནང་དཀར་མཛེས་ཁུལ་ལ་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་གསུངས་རྒྱུར། ཉེ་བའི་ལོ་ཤས་རིང་ཡུལ་ཤུལ་ཁུལ་གྱིས་གཙང་གསུམ་ཆུ་འགོ་སྲུང་སྐྱོང་དང“ཀྲུང་ཧྭ་ཆུ་མཛོད”སྲུང་སྐྱོང་བྱེད་པའི་ལས་འགན་མཐའ་གཅིག་ཏུ་འཁུར་ནས་སྐྱོན་བྲལ་དང་བདེ་སྐྱིད་ལྡན་པའི་ཡུལ་ཤུལ་གསར་པ་བསྐྲུན་རྒྱུར་སྤུས་ཚད་མཐོན་པོའི་སྐུལ་འདེད་བཏང་ནས་བྱ་གཞག་ཁག་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བར་སྙིང་དབུས་ནས་ཡིད་སྨོན་དང་རྟེན་འབྲེལ་ཞུ།  མིག་སྔར། དཀར་མཛེས་ཁུལ་སྐབས་བསྟུན་མདུན་སྐྱོད་དང་རྗེས་སྙེག་མཆོང་བརྒལ་གྱི་འགག་རྩའི་དུས་སྐབས་སུ་གནས་པ་དང་། སི་ཁྲོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྲད་པའི་རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་བྱ་ཡུལ་དང་སྦག་མེད་ནུས་རྒྱུ་མཁོ་སྤྲོད་བྱ་ཡུལ། དེང་རབས་མཐོ་སྒང་གི་ཁྱད་ཆོས་ཞིང་འབྲོག་ལས་རྟེན་གཞི་བཅས་གཏོད་པའི“ལས་འགན་ཆེན་པོ་གསུམ”ལ་དམ་པོར་དམིགས་ཏེ་འཕེལ་རྒྱས་སྤུས་ཚད་མཐོན་པོ་དང་། སྲུང་སྐྱོང་ཆུ་ཚད་མཐོན་པོ།  བཅོས་སྐྱོང་ཕན་ནུས་ཆེ་བ་བཅས་ལ་སྤྱི་འདོམས་དང་སྐུལ་འདེད་གཏོང་བཞིན་ཡོད། ཡུལ་ཤུལ་ཁུལ་དང་དཀར་མཛེས་ཁུལ་གཉིས་ཀྱི་རིག་གནས་དང་ས་བབ་ཕན་ཚུན་སྦྲེལ་མཐུད་ཡིན་པས་ཕྱོགས་གཉིས་ཀྱིས་ཉེན་མེད་བརྟན་བརླིང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། ཐོན་ལས་འཕེལ་རྒྱས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྔར་བས་ཟབ་ཏུ་བཏང་ནས་བརྟན་བརྙིང་གི་རྨང་གཞི་མཉམ་དུ་བསྐྲུན་པ་དང་རི་ཆུའི་མཛེས་སྡུག་མཉམ་སྲུང་། འཕེལ་རྒྱས་ཀྱི་ཕན་འབྲས་མཉམ་ཐོན་བྱས་ནས་གཉིས་ཕན་མཉམ་རྒྱལ་གྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བསྐྲུན་དགོས། 

    མ་རུའེ་ཡིས་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་གྲུབ་འབྲས་ལེགས་པོ་ཐོབ་པར་རྟེན་འབྲེལ་ཞུས་པ་རེད། ཁོང་གིས་ས་གནས་གཉིས་པོས་མཛའ་གྲོགས་མཐའ་མཚམས་འཛུགས་སྐྲུན་ཇེ་ལེགས་སུ་བཏང་ནས་ཕན་ཚུན་གྱི་འབྲེལ་ཐག་ཟམ་མི་ཆད་པ་དང་ཡུལ་ཤོག་གྲོང་རྡལ་བར་མཛའ་མཐུན་སྤེལ་རེས་བྱ་རྒྱུར་བསྐུལ་ནས“ཞི་མཐུན་གླེང་མོལ་དང་མཛའ་གྲོགས་གྲོས་མོལ”བྱ་རྒྱུ་དེ་མང་ཚོགས་ཀྱི་རང་འགུལ་བྱ་སྤྱོད་ལ་འགྱུར་བའི་རེ་བ་བཏོན། 

    ཚོགས་འདུར་དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཀའོ་ཀྲན་དང་། ཡུལ་ཤུལ་ཁུལ་ཨུ་རྒྱུན་ཨུ། ཁུལ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཉིང་ཧྥ་ཀུའེ་གཉིས་ཀྱིས་ས་གནས་གཉིས་ཀྱི་མཐའ་མཚམས་མཉམ་ལས་ཐད་སྤེལ་རེས་དང་གཏམ་བཤད་བྱས། 

   ཁུལ་དུ་སྡོད་སྐབས། མ་རུའེ་དང་བཅས་པས་ད་དུང་སྤྱི་ཚོགས་བཅོས་སྐྱོང་དང་གྲོང་ཁྱེར་འཛུགས་སྐྲུན། རིག་གནས་ཡུལ་སྐོར་མཉམ་འདྲེས་སོགས་ཀྱི་ལས་དོན་ལ་རྟོག་ཞིབ་གནང་།

   དཀར་མཛེས་ཁུལ་གྱི་མགོ་ཁྲིད་ཡོན་ཀང་དང་ཀྲུང་ཁོ། ཡུལ་ཤུལ་ཁུལ་གྱི་མགོ་ཁྲིད་ལི་ཅུན་ཅེ། ས་གནས་གཉིས་ཀྱི་འབྲེལ་ཡོད་རྫོང་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་བཅས་བཞུགས་མོལ་ནང་ཞུགས།།


གསར་འགོད་པ། རྟ་མགྲིན་རྡོ་རྗེ།

རྩོམ་སྒྲིག་པ། རྟ་མེ།

རྩོམ་སྒྲིག་འགན་འཁུར་བ། ནོར་བུ།
ཞུ་ཆེན། སྐལ་ཐུབ།
སྤྱིའི་ལྟ་སྐུལ་བ། བཀྲ་ཤིས།


  • ལེ་ཚན་སྔོན་མ།:འཕྲིན་སྦྱོར་མཉམ་འདྲེས་ནུས་པ་ཆེར་གཏོང་གི་གསོ་སྦྱོང་དར་མདོར་སྤེལ།
  • ལེ་ཚན་རྗེས་མ།:ཚེས25ཉིན་ནས་རྒྱལ་ལམ318ལམ་མཚམས་འདིར་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུ།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10