ཁ་བ་ན་རོ། 2024-11-04
ལོ་དེའི་ཟླ་དེའི་ཉིན་དེར།
བལྟས་བལྟས་རིག་རིག་ལ་ཁྱེད་ཀྱི་གོམ་པ་རྒྱང་ནས་རྒྱང་དུ་གྱེས།
ང་རང་གཅིག་པུ་ཁུ་སིམ་མེར་ཤུལ་དུ་ལུས་ནས།
སྡུག་བསྔལ་གྱི་མིག་ཆུ་ཕྱིར་འོང་མེད་པའི་ལོ་ཟླར་བསྐུར།
ཟླ་དེའི་ཉིན་དེར།
ངའི་སྣང་བ་དགུན་ཟླ་དེའི་རྡུལ་འཚུབ་དང་འདྲ་བར།
སེམས་པ་མག་མོག་རབ་རིབ་ཏུ་གྱུར་ནས།
ངའི་འཇིག་རྟེན་རྡུལ་འཚུབ་ལང་ལོང་གིས་ཁེངས་བྱུང་།
ལོ་དེའི་ཟླ་དེར།
ངའི་སྨིན་མའི་འོག་གི་མིག་ཟུང་དང་ལྷོག་ལྷོག་ལྡིང་བའི་སྙིང་ཆུང་ནང་།
ཁྱོད་རང་གསལ་ལེར་མངོན་པ་ནི་ཐེངས་གཅིག་ག་ལ་ཡིན།
དེ་བས།
ངས་ཁྱེད་ཀྱི་རྣམ་པ་ནམ་རྒྱུན་སེམས་ཉུལ་མིག་ཉུལ་རེ་བྱེད་དགོས་བྱུང་།
ལོ་དེར།
ངའི་ཁེར་རྐྱང་གི་རྣམ་ཤེས་རྟ་ཕོ་རི་ཤོར་དང་འདྲ་བར།
གར་འགྲོ་གར་འདུག་གི་ཁ་ཕྱོགས་མེད་ལ།
ཅི་དྲན་གང་དྲན་གྱི་བསམ་པ་མེད་པས།
ངས་ཁེར་རྐྱང་གི་མཚན་མོ་དང་ཁེར་རྐྱང་གི་ལོ་ཟླ་སོགས།
རང་དགར་འཁྱོལ་ཐབས་བྱས་ནས།
ཉིན་མོར་ཉི་མར་འདུག་རོགས་བྱས་ཏེ།
མཚན་མོར་ཟླ་བར་འདུག་རོགས་བྱས་པའང་བགྲང་ལས་འདས།
རྩོམ་གསར། 10