སེར་ཀ་ཤོར་བའི་སྟོན་དུས།

        2024-11-01

མེ་ཏོག་གི་འདབ་མ་དུས་ཀྱིས་རྙིད་ཅིང་། 

སྦྲང་ཆུང་གི་གཤོག་ཟུང་སྡུག་གིས་ཟད་དུས། 

རླུང་བུ་ཞིག་གིས། 

སེར་པོ་སེར་རྐྱང་གི་ལོ་མ་འགའ་ཁུར་ནས། 

རི་ལུང་ཉུལ་ཏེ་འདི་གར་སླེབས་བྱུང་། 

ངས་གཞི་ནས་ནམ་ཟླ་སྟོན་ཁ་སླེབས་པ་ཚོར། 

མཛེས་མཛེས་མེ་ཏོག་གི་འདབ་མར། 

སྟོན་དུས་ཀྱིས་རྨ་ཤུལ་དཔར་དུས། 

ངས་གཡུ་ཆུང་གི་ཚབ་ཏུ། 

སྐྱོ་གདུང་གི་ཤོག་དཀར་ངོས་སུ། 

སྨྲེང་ངག་གི་ལོ་ཟླ་འབྲི། 

ཟླ་བདུན་པ། སྟོན་ཟླ་དང་པོ། 

སྐར་འོད་ཆེམ་ཆེམ་གྱི་ནམ་མཁའི་དབུས་ན་རྩེན་པའི་དཀར་མཛེས་ཟླ་གཞོན་གྱི་རང་མདངས། 

སྔར་ལས་དྭངས་ཤིང་གསལ་བས། 

མཚན་མོ་འདིར་འོད་ཀྱི་མེ་ཏོག་སྤར་གང་གཏོར། 

ཞོགས་པ་རེ་རེར། བསིལ་རླུང་འཇམ་པོ་དལ་གྱིས། 

ངའི་སྒེའུ་འགྲམ་གྱི་མེ་ཏོག་གི་སྡོང་འགོར་འཁྱུད་པས། 

འདབ་མ་རེ་རེ་ཡི་འགོ་ལྕོག་ལྡེམ་ཙམ་བྱས་ཤིང་། 

སྔོ་ལྗང་གི་ཚོན་མདངས་དག། 

དལ་གྱིས་གྱུར་སོང་། 

ཟླ་བདུན་པར། 

ཁ་འབྲལ་མི་ཐུབ་པའི་བྱེའུ་དག་གི་ཆེད། 

ཞེ་རྩ་སྨྲེང་བའི་གླུ་ཆུང་འདི་ཡང་ཕུལ། 


རྩོམ་པ་པོ། སྨྱུག་ཞེན།

རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:བྲིས་མི་ཚར་བའི་རྒྱ་ཕིབས།
  • ལེ་ཚན་རྗེས་མ།:སྟོན་མཇུག་གི་ཚོར་བ།