མཁའ་དབྱིངས་སུ་བསྐྱངས་པའི་ཕུགས་འདུན་གྱི་གཤོག་ཟུང་།

        2024-11-01

ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སློབ་མ་བཀྲ་ཤིས་ལྷ་མོའི་གནས་ཚུལ་རགས་བཀོད།


མཁའ་དབྱིངས་སུ་བསྐྱངས་པའི་ཕུགས་འདུན་གྱི་གཤོག་ཟུང་།

   དཔལ་ཡུལ་རྫོང་ཨ་ཚབ་གྲོང་རྡལ་ཚྭ་ཁོག་སྡེ་བ་ནས་འཚར་ལོངས་བྱུང་བའི་སློབ་མ་བཀྲ་ཤིས་ལྷ་མོ་ནི་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བའི་སྐལ་བཟང་མེ་ཏོག་ཅིག་དང་འདྲ་བར་ཕ་ཡུལ་གྱི་པང་ཁུག་ནས་རིམ་བཞིན་ནར་སོན། 2024ལོའི་དབྱར་ཁར། བཀྲ་ཤིས་ལྷ་མོས་མཐོ་རྒྱུགས་སྐར་གྲངས563གྱི་ཕུལ་བྱུང་རྒྱུགས་འབྲས་བླངས་ནས་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་རྒྱུགས་འཕྲོད་པ་རེད། གནས་ཚུལ་དེ་དཔྱིད་རླུང་ལྟར་ཨ་ཚབ་གྲོང་རྡལ་ཡོངས་སུ་ཁྱབ་པ་དང་ཚང་མས་གཅིག་རྗེས་གཉིས་མཐུད་ངང་ཁོ་མོར་བསྟོད་པའི་མཐེ་བོང་བསྒྲེངས། གྲུབ་འབྲས་དེས་རང་ཉིད་ལ་གཟི་བརྗིད་དང་བརྩི་འཇོག་ཐོབ་པར་མ་ཟད་ཕ་ཡུལ་གྱི་ན་གཞོན་ཚོར་མིག་དཔེ་དང་རེ་བ་ཡང་བསྩལ་བ་རེད།


བློ་བརྟན་འགྱུར་མེད་བྱས་པས་སྦྱངས་པའི་ཡང་རྩེར་སོན། 

   བཀྲ་ཤིས་ལྷ་མོ་ནི་ཆུང་དུས་ནས་བཟུང་གཞན་དང་མི་འདྲ་བར་སྙིང་རུས་ཆེན་པོ་དང་སྤྱང་གྲུང་ལྡན་པ་ཞིག་ཡིན། མོས་ཁྱིམ་ནང་གི་འགྲོ་སོང་ཚང་མ་ཕ་མའི་རྔུལ་ཆུ་ལས་བྱུང་བ་ཡིན་པ་གསལ་པོར་ཤེས་པས་སློབ་སྦྱོང་ཐད་ལྷོད་གཡེང་སྤུ་ཙམ་ཡང་བྱེད་མྱོང་མེད་ཅིང་། སྤང་ཐང་དང་རི་ཁུག། མཚན་མོའི་གློག་སྒྲོན་འོག་ཏུ་དུས་རྒྱུན་སློབ་ལ་བརྩོན་པའི་བཀྲ་ཤིས་ལྷ་མོའི་སྣང་བརྙན་མཐོང་ཐུབ་པ་རེད། མོས“གུང་གསེང་སྐབས་སུ་ངས་ཁྱིམ་ནང་གི་ལས་ཀ་མགྱོགས་པོར་བསྒྲུབས་རྗེས་སློབ་སྦྱོང་བྱེད་བཞིན་ཡོད། སློབ་སྦྱོང་བྱས་ན་གཞི་ནས་ད་ལྟའི་གནས་བབ་དང་རང་ཉིད་ཀྱི་ལས་དབང་ལ་འགྱུར་ལྡོག་གཏང་ཐུབ་རྒྱུ་རེད། ང་ལ་གནས་གཏན་ཁེལ་གྱི་སློབ་སྦྱོང་ཁོར་ཡུག་ཅིག་མེད་ཅིང་། རྩྭ་ཐང་དང་རི་སྒང་།མཚན་མོའི་སྒྲོན་འོག་སོགས་ནི་ངའི་སློབ་སྦྱོང་བྱེད་སའི་གནས་ཡིན”ཞེས་བཤད། 

   དབྱར་ཁར་བཀྲ་ཤིས་ལྷ་མོར་སློབ་བསྡུའི་བརྡ་ཐོ་འབྱོར་བས་ཁོ་མོས་སེམས་དལ་བག་ཕེབས་ཀྱི་སྒོ་ནས་ངལ་གསོ་བྱེད་ཆོག་ཆོག་ཡིན་མོད། སྨྱུག་འཛིན་པ་བཀྲ་ཤིས་ལྷ་མོའི་ཁྱིམ་དུ་སླེབས་སྐབས་མོས་སློབ་ཚན་བསྐྱར་སྦྱོང་བྱེད་པའི་ལས་ལ་བྲེལ་ཞིང་། བསམ་གཞིག་དང་ཟིན་བྲིས་བྱེད་བཞིན་ཤེས་བྱའི་རྒྱ་མཚོའི་ནང་དུ་སིམ་འདུག། 

   ཉི་མའི་འོད་ཟེར་སྒེའུ་ཁུང་བརྒྱུད་པས་ཁང་པར་དྲོད་སྐྱིད་ལྡན་ལ་གསལ་ཆ་ཡང་འཛོམས། ཁང་པའི་ཟུར་ཞིག་ཏུ་ཉལ་ཁྲི་ཆུང་ཆུང་ཞིག་བཞག་ཡོད་པ་དང་སྔས་མགོ་རུ་དཔེ་ཆ་སྣ་ཚོགས་བསྒྲིགས་ཡོད། འབོལ་གདན་ཐོག་ཏུ་བཟོ་ལྟ་མི་འདྲ་བའི་རྩེད་ཆས་འགའ་ཡང་བཞག་འདུག། སློབ་སྦྱོང་བྱེད་སྟངས་སྐོར་ལ་དྲི་བ་འདྲི་སྐབས། བཀྲ་ཤིས་ལྷ་མོས་འཛུམ་དམུལ་དམུལ་ངང“ངས་སློབ་ཐུན་སྐབས་སུ་དགེ་རྒན་གྱི་སློབ་ཁྲིད་ལ་ཉན་ཞོར་དུ་མནོ་བསམ་བཏང་ནས་སློབ་ཐུན་སྐབས་ཀྱི་དུས་ཚོད་བེད་སྤྱོད་གང་ལེགས་བྱས་ནས་དོགས་གཞི་དང་ཐེ་ཚོམ་སེལ་བཞིན་ཡོད། དེ་རྗེས་སློབ་ཐུན་གྲོལ་རྗེས་ཀྱི་དུས་ཚོད་འཆར་འགོད་གང་ལེགས་བྱས་ནས་བསླབ་ཚན་ཚང་མའི་སློབ་སྦྱོང་གི་མྱུར་ཚད་དོ་སྙོམས་ཡོང་བ་བྱས་ཏེ་བསླབ་ཚན་ལ་ཕྱོགས་ལྷུང་མེད་པར་བྱེད་བཞིན་ཡོད”ཅེས་བཤད། སློབ་སྦྱོང་གི་ཐབས་ཤེས་དེས་བཀྲ་ཤིས་ལྷ་མོས་དཀར་མཛེས་ཁུལ་མཐོ་རིམ་སློབ་འབྲིང་དུ་སློབ་སྦྱོང་བྱེད་སྐབས་ལོ་ལྟར་འཛིན་གྲྭའི་ནང་གི་ཨང་ལྔ་པ་ཡན་གྱི་གྲུབ་འབྲས་བཟང་པོ་བླངས་པ་རེད། 

   གྲུབ་འབྲས་བཟང་པོ་འདི་དག་ནི་བཀྲ་ཤིས་ལྷ་མོས་འབད་བརྩོན་ལྷོད་མེད་དང་དཀའ་སྤྱད་སྡུག་རུས་བྱས་པའི་གྲུབ་འབྲས་ཉག་གཅིག་རེད། ཕ་རྒན་གངས་དཔལ་གྱིས“ང་ཚོའི་ཁྱིམ་དུ་བྱིས་པ་མང་པོ་ཡོད་པས་ཁྱིམ་ལས་ཚང་མར་བགོ་གི་ཡོད། གཞན་པ་ཚོས་ལས་ཀ་སྒྲུབ་ཞོར་དུ་རྩེད་མོར་གཡེང་གི་རེད། འོན་ཀྱང་བཀྲ་ཤིས་ལྷ་མོས་མགྱོགས་མྱུར་ངང་ཁྱིམ་ལས་ཚར་རྗེས་དུས་ཚོད་སྐར་ཆ་ཙམ་ཡང་འཕྲོ་བརླག་མི་གཏང་བར་སློབ་སྦྱོང་བྱེད་ཀྱི་ཡོད། མོ་ནི་བྱིས་པ་ཚང་མའི་ཁྲོད་ཀྱི་སྦྱངས་འབྲས་ཡག་ཤོས་དེ་ཡིན”ཞེས་བཤད། དེ་ལྟར་འབད་བརྩོན་ལྷོད་མེད་ཀྱི་སློབ་སྦྱོང་གི་གོམས་གཤིས་བཟང་པོ་དེས་འཛིན་གྲྭའི་ནང་གི་སྦྱངས་འབྲས་ལེགས་ཤོས་དང་མཐོ་རྒྱུགས་ཁྲོད་ཕུལ་དུ་བྱུང་བའི་རྒྱུགས་འབྲས་བླངས་པ་རེད།


ཕུགས་འདུན་དོན་དུ་གཉེར་ནས་སྤྱི་ཚོགས་ལ་དྲིན་ལན་འཇལ། 

བཀྲ་ཤིས་ལྷ་མོ་ནི་སྤྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་ཏུ་འཚོ་བ་སྐྱེལ་བཞིན་ཡོད། ཁྱིམ་ནང་གི་མིང་སྲིང་དྲུག་གི་དགོད་སྒྲ་དང་ཕ་མ་གཉིས་ཀྱི་དཀའ་སྤྱད་ངལ་རྩོལ་དང་འགྲོགས་ནས་རིམ་བཞིན་ནར་སོན་པ་རེད། ཕ་གངས་དཔལ་གྱིས་ཚྭ་ཁོག་སྡེ་བ་ནས་འཚེམ་བཟོ་དང་སྒྲོ་བ་བཟོས་ནས་འཚོ་བ་སྐྱེལ་གྱི་ཡོད་པས་ཡོང་འབབ་ཆེན་པོ་མེད། འཚོ་བའི་ཁུར་པོ་ལྕི་ཡང་བྱིས་པའི་སློབ་སྦྱོང་གི་ལམ་ཁར་འགལ་རྐྱེན་ནམ་ཡང་ཐེབས་མྱོང་མེད། བཟའ་ཟླ་གཉིས་ཀྱིས་ཡོང་འབབ་ཕྲན་བུ་ལས་མེད་པའི་ཐོག་ནས་ཕྲུ་གུ་དྲུག་སློབ་གྲྭར་སྐྱོད་པའི་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་རམ་འདེགས་བྱས་པ་རེད། གངས་དཔལ་གྱིས“སློབ་སྦྱོང་གིས་ལས་དབང་ལ་འགྱུར་ལྡོག་གཏོང་ཐུབ་པས་ངས་རང་གི་ཕྲུ་གུ་ཚོར་སློབ་སྦྱོང་བྱེད་དུ་འཇུག་རྒྱུ་ཡིན”ཞེས་རྒྱུན་པར་གླེང་གི་ཡོད། 

   ཕ་མས་དཀའ་ཁག་ལ་མ་འཛེམས་པར་རྒྱབ་སྐྱོར་ཧུར་ཐག་བྱས་ཀྱང་ཁྱིམ་ཚང་གི་དཔལ་འབྱོར་གནོན་ཤུགས་ཆེ་བ་དང་མི་གཞན་པའི་དོགས་འདྲི་སོགས་འགྲན་སློང་དེ་དག་གིས་བཀྲ་ཤིས་ལྷ་མོར་རེ་ཞིག་ཐེ་ཚོམ་དང་སུན་སྣང་སྐྱེས་ཀྱང་། འདི་འདྲིའི་དུས་སྐབས་སུ་མོས་རྟག་ཏུ་ཨ་ཕའི་རེ་བ་དང་ཨ་ཅེ་ཚོའི་སྐུལ་ལྕག། རང་ཉིད་ཀྱི་ཕུགས་འདུན་བཅས་སེམས་སུ་ཉར་ནས་མདུན་སྐྱོད་ཀྱི་གོམ་ཁ་ནམ་ཡང་མ་ལྷོད། ཕ་གངས་དཔལ་གྱིས་སྤོབས་པ་ཆེན་པོས་སྨྱུག་འཛིན་པར“མ་གཞི་བཀྲ་ཤིས་ལྷ་མོས་ཁ་ཕྱོགས་གཏན་འཁེལ་གྱི་སློབ་སྦྱོང་བྱེད་ཆོག་ལ་སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས་ལས་ཞུགས་བྱེད་ཆོག་པས་ཁྱིམ་ཚང་གི་ཁུར་པོ་ཡང་དུ་གཏང་ཐུབ་མོད། འོན་ཀྱང་ང་ཚོའི་ཁྱིམ་ཚང་གང་བོས་མོའི་ཕུགས་འདུན་དོན་གཉེར་བྱ་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ། མོའི་གཅེན་མོ་གཉིས་ཀྱིས་ཀྱང་སྐད་གཉིས་ཟུར་ཁྲིད་པའི་ཡིག་རྒྱུགས་ལོན་པས་ཁྱིམ་ཚང་གི་དཔལ་འབྱོར་གནོན་ཤུགས་ཆུང་དུ་ཕྱིན་པར་མ་ཟད། བཀྲ་ཤིས་ལྷ་མོས་རྩེ་གཅིག་སློབ་ལ་གཞོལ་བར་མཐུན་རྐྱེན་བསྐྲུན་པ་རེད། ”ཅེས་བཤད། 

   བཀྲ་ཤིས་ལྷ་མོས་གྲུབ་འབྲས་བཟང་པོ་འདི་འདྲ་ཐོབ་པ་ཁྱིམ་མི་དང་དགེ་རྒན། སྤྱི་ཚོགས་ལས་རིགས་ཁག་བཅས་ཀྱི་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད་པ་གསལ་པོ་ཤེས་ཀྱི་ཡོད། མོས་རང་ཉིད་ཀྱི་འབད་བརྩོན་དང་གྲུབ་འབྲས་ལ་བརྟེན་ནས་སྤྱི་ཚོགས་ལ་དྲིན་ལན་འཇལ་རྒྱུ་དང་སློབ་སྦྱོང་ལ་བརྟེན་ནས་རང་ཉིད་དང་ཁྱིམ་ཚང་གི་གནས་བབ་ལ་འགྱུར་ལྡོག་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད། “རི་གྲོང་ནས་ཐོན་པའི་ཕྲུ་གུ་ཞིག་ཡིན་པའི་ངོས་ནས་ང་རང་ལ་ང་རྒྱལ་དང་སྤོབས་པ་སྐྱེ་གི་འདུག། ངས་ཕུགས་འདུན་དོན་གཉེར་ཡོང་བ་དང་རང་ཉིད་ཀྱི་མཐོང་རྒྱ་ཆེ་རུ་བཏང་ནས་སྔར་ལས་ལྷག་པའི་སློབ་གསོ་ཐོབ་པར་བྱ་རྒྱུ་ཡིན། རྒྱལ་ཁབ་ཀྱི་རོགས་སྐྱོར་དང་ནང་མིའི་རྒྱབ་སྐྱོར་འོག་རང་ཉིད་ཀྱི་གྲུབ་འབྲས་ལ་བརྟེན་ནས་མེས་རྒྱལ་དང་ཕ་ཡུལ་འཛུགས་སྐྲུན་བྱ་ཆེད་རང་གི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན”ཞེས་བཤད། 

   ད་སྐབས་བཀྲ་ཤིས་ལྷ་མོ་མདུན་སྐྱོད་ཀྱི་ལམ་བུ་གསར་པ་ཞིག་ཏུ་འགྲོ་བཞིན་ཡོད། མོའི་འཚར་ལོངས་ཀྱི་བརྒྱུད་རིམ་ནི་གསོན་ཉམས་ལྡན་པའི་གློག་བརྙན་ཞིག་དང་འདྲ་བར་ཕུགས་འདུན་གྱིས་ཕྱུག་པའི་མི་ཚང་མར་མདུན་སྐྱོད་དང་འབད་བརྩོན་ལྷོད་མེད་བྱ་རྒྱུར་སྐུལ་ལྕག་ཐེབས་བཞིན་ཡོད་དོ།།


རྟ་མགྲིན་རྡོ་རྗེས་བསྒྱུར།

རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:མི་སྤྱིར་བཏང་བ་ཞིག་གིས་སྤྱིར་བཏང་མིན་པའི་བྱ་བ་བསྒྲུབས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།