2024-10-25
ཀ།
རྩྭ་སེར་པོ་དག
ཐང་སེར་པོ་རུ་ཁད་ཀྱིས་འཕྱོ་བ་ན།
ངའི་སེམས་སུ་སྟོན་ཁ་འཆར་འོང་།
སྟོན་ནམ་རིང་མོ་ཞིག་ཀྱང་དྲན་འོང་།
ཁ།
དབྱར་ཁ་དང་དགུན་ཁའི་ངོས།
འོད་ཟེར་དང་མུན་པའི་བར།
བདེ་སྐྱིད་དང་སྡུག་བསྔལ་གྱི་ནང་ན།
སེར་ལང་ལོང་དང་སྐྱ་འུར་འུར་འཕྱོ་བ།
སྟོན་ཁ་ཨེ་ཡིན་ལ་ཐེ་ཚོམ་མེད།
ག།
རི་ཐང་སེར་པོ་དག།
རྨི་ལམ་གྱི་ཞིང་ཁམས་སུ་འཁྲུལ།
རྨི་ལམ་གྱི་ཞིང་ཁམས་ལས།
མངོན་སུམ་གྱི་སྣང་བ་ཤེས་རྗེས།
གང་ཞིག་མངོན་སུམ་མ་ཡིན་པ་འདྲ།
ང་།
རྩྭ་གསེབ་ཏུ་གོམ་ཁ་ལྷོད་པ་ན།
“ཁྲོམ་ཁྲོམ”གྱི་སྒྲ་བར་མེད་དུ་ཚོར།
ཅ།
སྟོན་སྤྲིན།
སྟོན་ཟླ།
སྟོན་རླུང་།
ཚོར་ཐུབ་ཅིང་།
མྱོང་ཐུབ་པའི་དུས་ཚིགས།
ཆ།
རུ་སྟོན་སར་བབས་བྱུང་།
བྱིས་དུས་ཀྱི་སྣང་བ་གང་མང་ཞིག།
རས་ཡོལ་ངོས་ཀྱི་གློག་བརྙན་བཞིན།
འཆར་འོང་གིན་པ་འདི་དག་ཕྱིར་དྲན་ཡིན་ནམ།
ཇ།
ཚོར་བས་ཟིན་ཐུབ་པའི་དུས་ཤིག་ཡོད་ན།
དེ་ཡང་སྟོན་ཁ་ཡིན་པར་བསམ།
ཉ།
ངག་རྒྱུན་གང་མང་མང་ཞིག།
སྟོན་གྱི་ན་ཚོད་དང་ལང་ཚོ་ལ་བྲིས་ཤིང་།
ཕྱིར་དྲན་གྱི་གཏེར་དུ་སྦས།
ཏ།
སྟོན་ཁའི་ལོ་མ་སེར་པོ་དག།
ཇ་ལོ་རྙིད་པོ་རེ་དང་འདྲ་བར།
སྙན་ངག་ཅེས་པའི་ཕོར་བ་རུ་སྦངས།
ཐ།
ཇ་ལོ་སེར་པོ་དག།
སྟོན་གྱི་ལོ་མ་རེ་ལ་སྤྲུལ་རྗེས།
གདོང་དང་ལུས་ལ་རེག་གིན་ས་རུ་འཐོར།
ད།
ཇ་ལོ་དང་སྟོན་ཁ་མཉམ་དུ་གནས།
ཇ་ལོ་ཡིས་སྟོན་ཁ་བཤད་ཅིང་།
སྟོན་ཁས་ཇ་ལོ་གླེང་བའི་དུས་སུ།
མི་རྟག་པའི་མཐའ་ལ་རླུང་རྒྱུ་བཞིན་འདུག།
ན།
ལོ་རྒྱུས་ཤིག་གིས་སྟོན་ཁ་དྲན་གྱིན་འདུག།
མཚར་སྡུག་གིས་ཕྱུག་པའི་སྟོན་ཁ་ཞིག།
ཡང་ན་འདས་སོང་གི་རྨི་ལམ་གཞན་ཞིག།
པ།
ང་རང་སྟོན་ཁར་དགའ་བ་འདྲ།
སྟོན་ཁ་གླེང་བ་དང་ཕ་ཡུལ་དྲན་འོང་།
ཕ་ཡུལ་གྱི་སྟོན་ཁ་དྲན་འོང་།
ཐང་ཤིང་སེར་པོ་དང་།
ལོ་མ་དམར་པོ་དག་དྲན།
ཕ།
ཕ་ཡུལ་གྱི་སྟོན་ཁ་གླེང་བའི་འཕྲོར།
གོས་ཀྱིས་ཕྱུག་པའི་ཤོམ་པ་རེ་འགའ་དྲན་བྱུང་།
བ།
ཕ་ཡུལ་གྱི་སྟོན་ཁ་བྲིས་པའི་ཚེ།
འོད་ཀྱིས་གང་བའི་གླིང་ག་མང་པོ་ཞིག།
མིག་ལམ་ལ་འོད་ཆེམ་ཆེམ་དུ་ཤར་འོང་།
མ།
ཕ་ཡུལ་གྱི་སྟོན་ཁ་གསལ་བའི་དུས།
རྨི་ལམ་གང་ཞིག་འཕྲོ་དང་འཕྲོ་རུ་བཀྲ་འོང་།
ཙ།
སྨུག་པའི་རྒྱ་མཚོ་བརྒལ་རྗེས།
སྦལ་ཡུལ་གཞན་ཞིག་མངོན་བྱུང་།
དུས་ཚོད་ཀྱི་བར་སྟོང་དང་།
འཚོ་བ་ཡི་གནས་བབ་ཡོད་ཚད།
གཞི་ནས་དྭངས་སོང་བ་འདྲ།
ཚ།
སྤྲིན་དཀར་གྱི་ལྭ་བ་གྱོན་ཞིང་།
ཨ་སྔོན་གྱི་མེ་ཏོག་དབུ་ལ་བཏགས་ཏེ།
གང་ཞིག་ལ་འགྲོ་འདང་ཡིན།
ཡིད་འོང་སེམས་ལ་བབས་པའི་སྟོན་ཁ།
ཛ།
གྲང་རླུང་ཞིག་དལ་གྱིས་རྒྱུ་བྱུང་།
སྨུག་པ་སྲབ་མོ་དག་རླུང་གིས་བསྐྱོད།
ཆར་ནག་དང་མཉམ་དུ་རླུང་རྒྱུ་བྱུང་།
རྒས་ཤིང་འཁོགས་པའི་གླུ་སྐད་ཅིག།
སྤྲིན་དཀར་གྱི་ཞྭ་མོ་མནབས་ཤིང་།
གང་ཞིག་ནས་གཉིད་འོང་བའི།
སྟ་གོན་བྱས་འདུག་པ་ཚོར།
ཝ།
རི་རྩེའི་སྨུག་པ་དག
ཀི་འདེབས་ཐེངས་ཤིག་གིས།
དགུན་གཞུང་ལ་ཆས་སོང་བ་འདྲ།
ཆར་ཞོད་དེའི་རྗེས་ལ་སྨུག་པ་དྭངས་སོང་།
ཞ།
ནས་འབྲུ་རེ་རེ་ས་ལ་ལྷུང་གིན་འདུག།
ཞིང་པ་དག་གིས་ཚོར་གྱིན་མེད་ཚོད་རེད།
ཟ།
སྟོན་རླུང་ཁམ་པ་རྒྱུ་བྱུང་།
ནས་འབྲུ་རེ་རེ་ས་ལ་ལྷུང་གིན་འདུག།
ཞིང་པ་དག་གིས་སེམས་ནས་ཚོར་གྱིན་མེད་ལ་འདྲ།
འ།
སྟོན་གྱི་ཁ་བའི་འདབ་མ་རེ་རེ་འཕུར་བྱུང་།
ནས་འབྲུ་རེ་རེ་ས་ལ་ལྷུང་གིན་འདུག།
ཞིང་པ་དག་གིས་དངོས་གནས་ཚོར་གྱིན་མེད་པ་འདྲ།
ཡ།
སྟོན་གྱི་ཡོད་ཚད་སླེབས་ཟིན་པ་འདྲ་བྱུང་།
འབྲི་མོ་རེ་རེས་ངུར་སྒྲ་གཏོང་གིན་འདུག།
ནས་འབྲུ་རེ་རེ་ས་ལ་ལྷུང་གིན་འདུག།
འབྲོག་པ་དང་ཞིང་པས་ད་དུང་ད་དུང་།
གང་ཡང་ཚོར་གྱིན་མེད་པ་འདྲ།
ར།
ད་ལྟ་ས་གཞི་ཆེན་པོ་འདིའི་མངལ་དུ།
སྟོན་ཁ་ཞེས་པའི་སྙིང་ཉེ་ཞིང་།
བརྗེད་དཀའ་བའི་ལུས་རྟེན་ཞིག་འཁོར་འདུག།
ལ།
ཉིན་མཚན་གྲངས་མེད་ཀྱི་སེམས་ཁུར།
དྲན་པ་ཙམ་གྱིས་ཡོང་བ་ཞིག་མ་རེད་ལ།
མདའ་ཐོགས་ཤིང་གཞུ་ཁུར་མཁན་ཞིག་ཀྱང་མ་རེད།
རྣམ་ཤེས་ཀྱི་གཏིང་ལ་སྐྱིད་སྡུག་སློང་བའི།
སྤྲང་པོ་ན་ཟུག་ཅན་དེའི་མིང་ལ་སྟོན་ཁ་འབོད།
ཤ།
མིག་ཆུ་རྡོག་གཅིག་ས་གཞིའི་བྲང་ཁ་ནས་བརྡོལ།
ཤུགས་ཀྱིས་བཏེགས་པའི་རྫ་འགོའི་སྨུག་པ།
མགྲིན་པའི་སྦུ་གུ་ལས་དཀྲོལ་བྱུང་།
སྙན་ངག་ཅེས་པས་དཀྲོལ་བ་ཨེ་ཡིན་ལ་ཐེ་ཚོམ་འཕྱོ།
ས།
སྒྲ་སྙན་གྱི་རྒྱུད་སྐུད་སྟེང་ལ་ཕེབས་པའི་
རྣམ་ཤེས་གྲངས་མེད་ཅིག།
ཏི་སེའི་དབུ་རྩེ་རུ་ཁད་ཀྱིས་འཕྱོ་པའི་
ལྷོ་སྤྲིན་སྨུག་པོ་ཨེ་ཡིན་ནམ།
ཡང་ན་སྒེའུ་ཁུང་ཕྱི་རོལ་གྱི་འཇིག་རྟེན་
དང་འཇིག་རྟེན་ལ་རེ་བའི།
ཤི་གསོན་མ་ངེས་པའི་གངས་རིའི་ནང་
རོལ་གྱི་ཆོམ་སྒྲ་དང་ཁ་སྤུ།
ཐང་དཀར་རྒོད་ཀྱི་གཤོག་པ་ལ་
སྨོན་པའི་འདས་ཟིན་ཀྱི་རྣམ་ཤེས།
བཤད་ཚོད་མ་ངེས་པའི་འཇིག་རྟེན་ཆེན་
པོ་ཞེས་པའི་ནམ་མཁར།
དབྱར་མཇུག་གི་དྲན་པ་རླུང་ལ་སྤུར་
བའི་སྟོན་གྱི་བུ་ཡུག་འཚུབ།
“ཁྲོམ་ཁྲོམ”ཞེས་པའི་སྒྲ་དང་མཉམ་
དུ་སྒྲུང་གཏམ་བྲིས་བྱུང་།
ཧ།
གོམ་མཚམས་བཞག་རྗེས།
སྟོན་ཁ་སླེབས་འདུག།
ཨ།
སེམས་ཀྱི་དྲོད་ཁོལ་མཐའ་དག།
སྒེའུ་ཁུང་བརྒྱུད་དེ།
གངས་རི་ལ་དཀྱུས་སྐོར་ཞིག་བྱས།
ཐེངས་གཅིག་བལྟས་པ་ན།
ཚོར་བའི་ཁམས་སུ་སྟོན་ཁ་ཚེས་འདུག།
ཨི།
ཁྲོམ་ཁྲོམ།
སྟོན་ཁ་དང་སྟོན་ཁའི་མི།
ཁྲོམ་ཁྲོམ། ཁྲོམ་ཁྲོམ།
སྟོན་ཁ་དང་སྟོན་ཁའི་སྤུན་ཟླ།
ཁྲོམ་ཁྲོམ། ཁྲོམ་ཁྲོམ།
ཨུ།
ཁྲོམ་ཁྲོམ། ཁྲོམ་ཁྲོམ།
སྟོན་ཁ་དང་སྟོན་ཁའི་སྤྲིན།
ཁྲོམ་ཁྲོམ། ཁྲོམ་ཁྲོམ།
སྟོན་ཁ་དང་སྟོན་ཁའི་ཁ་བ།
ཁྲོམ་ཁྲོམ། ཁྲོམ་ཁྲོམ།
ཨེ།
ཁྲོམ་ཁྲོམ། ཁྲོམ་ཁྲོམ།
སྟོན་ཁ་དང་སྟོན་ཁའི་ཟླ་བ།
ཁྲོམ་ཁྲོམ། ཁྲོམ་ཁྲོམ།
སྟོན་ཁ་དང་སྟོན་ཁའི་རླུང་བུ།
ཁྲོམ་ཁྲོམ། ཁྲོམ་ཁྲོམ།
ཨོ།
ཁྲོམ་ཁྲོམ། ཁྲོམ་ཁྲོམ།
སྟོན་ཁ་དང་སྟོན་ཁའི་རྣམ་ཤེས།
ཁྲོམ་ཁྲོམ། ཁྲོམ་ཁྲོམ།
སྟོན་ཁ་དང་སྟོན་ཁའི་སེམས་ཚོར།
ཁྲོམ་ཁྲོམ། ཁྲོམ་ཁྲོམ།
རྩོམ་པ་པོ། ཧུན • དུར་རོ།
རྩོམ་སྒྲིག་པ། མགར་རྒྱལ་སྲས།
རྩོམ་གསར། 10