འབྲོག་མོ།

ཨ་ནུ་དད་ཞེན།        2021-05-24

མགོ་དཀྲིས་དམར་བོ་བསྐྱིལ་བའི།།

མངོན་ཆུང་ཟུར་མིག་དགོད་བཞིན།།

འགྲམ་པ་དམར་མདངས་རྒྱས་པ།།

ཁ་སྣ་ཆུང་བའི་འབྲོག་མོ།།

ལུས་ཡོངས་འོ་དྲི་འཐུལ་བའི།།

ལག་པ་ལྕི་འདམ་དྲོ་བའི།།

འབྲི་མོ་བཞོ་བར་འབད་པའི།།

ཚེགས་ཡངས་ཆེ་བའི་འབྲོག་མོ།།

སློག་པའི་འཐུ་ཁ་ཟད་ཅིང་།།

ལག་པ་སེར་ག་གས་ཤིང་།།

སྒེག་ཉམས་སླར་ཡང་རྒྱས་པའི།།

ན་ཆུང་ཡིད་ཀྱི་འབྲོག་མོ།།

ངག་ནས་མ་ཎི་སྐྱོར་བཞིན།།

སེམས་ནས་དགེ་ལ་འབད་པའི།།

གཤིས་འཇམ་ཁྲེལ་ཡོད་ལྡན་པ།།

མཛངས་མ་ཡིད་ཀྱི་འབྲོག་མོ།།

སྐྲ་སྣེ་ཁ་བཏགས་མདུད་ནས།།

མིག་ཆུའི་གནས་ཡུལ་འགྲིམས་དུས།།

སྨྲེང་བ་སེམས་ན་ཡོད་ཀྱང་།།

འཛུམ་ཆུང་སྟོན་པའི་འབྲོག་མོ།།

རི་སོམ་སྤྲིན་པའི་གསེབ་ལ།།

ལ་གཞས་ཐན་ཐུན་རྒྱུ་བའི།།

ལུག་ཁྱུ་འཚོ་བར་གོམས་པའི།།

འབྲོག་མོ་ཡིད་ཀྱི་དྭངས་མ།།

སེར་ཆེན་མེ་ཏོག་ལྷན་དུ།།

ལོ་ཟླའི་སྐྱིད་སྡུག་རུམ་པའི།།

ཟ་འགྲམ་མེ་ཏོག་གསེབ་པའི།།

སྤང་ཐང་སེར་ཆེན་འབྲོག་མོ།།



  • ལེ་ཚན་སྔོན་མ།:རྡུལ་ཕྲན་གཅིག་གི་སྟེང་གི་ལོ་མཇུག
  • ལེ་ཚན་རྗེས་མ།:རླུང་ལ་བསྐུར་བའི་གཞས།