གྱད་མི། 2021-03-25
༼ ཞར་བཀོད་གཉིས། ༽
བསིལ་བའི་རླུང་བུ་དལ་བྲེལ་
གྱིས་རྒྱུ་ཞིང་།
བདག་གི་ནང་སེམས་སུ་རྒྱུ།
འཆི་བ་བྲེལ་བའི་བུ་ཡུག་དག་ག་ལེར་ཟག་ཅིང་།
ང་ཡི་འབྱུང་ཁམས་སུ་ཟགས།
ལྷད་མ་འདྲེས་པའི་ཁ་དོག་དཀར་པོ་དེ་དག།
ཕོ་ལོ་ཉི་ཤུ་སོན་པའི་བདག་གི་མགོ་ཐོག་ཏུ་ལྷུང་།
མཐོང་ལམ་བསྒྲིབས་པའི་ས་སྲོད་དུ།
རྒྱུན་ལྡན་མིན་པའི་ཁ་བ་འབབ་བཞིན་འདུག།
ནང་སེམས་དྲོད་ཀྱིས་ཁོལ་བའི་རང་ཁྱིམ་ནས།
ཁོ་བོས་རྒྱུན་ལྡན་མིན་པའི་ཁ་བ་ལ་བལྟས།
ཁ་བ་འདིའི་འབབ་སྟངས་ཀྱིས།
སྐྱོ་སྡང་གིས་ཁོལ་བའི་བདག་གི་ནང་སེམས་སུ།
ཁྱོད་ཀྱི་མཐའ་འཇུག་གི་ཕྱི་མིག་དྲན་དུ་བཅུག།
འདུ་འཛི་རབ་ཏུ་རྒོད་པའི་འཇིག་རྟེན་ནས།
ངས་ཁྱོད་ལ་ལྷིང་འཇགས་དང་ཁུ་སིམ་གྱི་ངང་དུ།
ཡིད་དུ་འོང་བའི་སྙམ་ངག་འབྲི་བཞིན་ཡོད།
སྙིང་ཉེ་བའི་མི་ལགས།
དྲན་པས་ཉི་ནུབ་བརྒལ་བའི་ལོ་ཟླ་འདིའི་ནང་དུ།
དེ་རིང་གཞི་ནས་ཕྱི་རོལ་དུ་གངས་སྐྱ་འཚུབ་བཞིན།
འཁྱག་པས་སྡོམ་པའི་ཁ་བའི་འདབ་མ་འཐོར་གྱིན་འདུག།
དྲན་གདུང་གིས་མནར་བའི་བདག་གི་ཡ་ཆུང་སེམས་ན།
སྐྱོ་སྣང་ལས་ཅི་ཡང་མི་འདུག།
ཡིད་འོང་གི་མི་ལགས།
ཁ་བ་འབབ་མཚམས་བཞག་བྱུང་།
ཕྱི་རོལ་དུའང་མུན་པས་ཟིན་འདུག།
བློ་ཉེ་སའི་ཁྱོད་ལ་ཕུལ་བ།
ཧ་ནེས།
ང་ཡོད་ས་འདིར་ཁ་བ་བབས་བྱུང་།
ཁ་བའི་འདབ་མ་རེ་རེ་ང་ཡི་མིག་ལམ་དུ་ལྷུང་ཚེ།
ང་ལ་འཇིག་རྟེན་ཞིག་བརྗེས་ཟིན་པའི་ཚོར་སྣང་ཞིག་སྟེར་བྱུང་།
ཧ་ནེས།
ད་ནང་ཞོགས་པར།
རླུང་གིས་བསྐྱོད་པའི་བུ་ཡུག་དག་གང་སར་རྒྱུ་བཞིན།
སྒེའུ་ཁུང་རྒྱབ་ཀྱི་མེ་ཏོག་དེ་དག་ཁ་དོག་གཞན་ཞིག་ཏུ་གྱུར་འདུག།
གྲང་ངར་གྱིས་གཙེས་པའི་ཞོགས་པར་དེར།
ངས་ཁྱེད་རང་ལྷག་ཏུ་དྲན་བྱུང་།
ཧ་ནེས།
འཇིག་རྟེན་གྱི་བྱ་དངོས་ཡོད་ཚད་འཕོ་འགྱུར་ལ་བསྲེས་ཡོད་ཀྱང་།
ཁྱེད་ལ་བྱིན་པའི་དུང་བ་ནམ་ཡང་འགྱུར་ལྡོག་ཏུ་བཏང་མ་མྱོང་།
དྲན་གདུང་གིས་མནར་བའི་ལོ་ཟླ་འདི་དག་གི་ཁྲོད་དུ།
ངས་རང་ཉིད་ལ་ཤ་ཚ་ལ་སྙིང་རྗེ་བཞིན་འདུག།
ཧ་ནེས།
ཁ་བ་བབས་བྱུང་།
ཁ་བའི་འདབ་མ་ཁ་དོག་ཤིན་ཏུ་དཀར་ཡང།
ངས་ཁྱོད་ལ་བྱིན་པའི་བརྩེ་བ་ནི།
ནག་ནོག་གིས་མ་བཅིངས་པའི་ཁ་བའི་འདབ་མ་ལས་ཀྱང་དཀར་རོ།།
དོ་ནུབ།
དོ་ནུབ།
འཚོ་གཞེས་ཆུང་ཆུང་འདི་ལྷིང་འཇགས་ཀྱིས་གནས་འདུག་ལ།
ཁོ་བོས་སྒེའུ་ཁུང་གི་ཕྱི་རོལ་དུ་བལྟས་ཏེ།
མུན་པའི་ཀློང་དུ་ཁེར་གྱིས་འགྲེང་བའི་གློག་སྒྲོན་དེ།
ཁྱེད་ཀྱི་ལང་ཚོ་རུ་བསྒོམ་དགོས་བྱུང་།
དོ་ནུབ།
ཕྱི་རོལ་དུ་ཆར་པ་འབབ་བཞིན་འདུག།
ཟག་རལ་དུ་སོང་བའི་ཁང་ཆག་དེ་ཚོ་ཤིན་ཏུ་འཁྱག་སྟེ།
ཙོག་པུ་འགྲེང་མ་ཐུབ་པ་སྐྱོ་བའི་ངུ་འབོད་དང་བཅས།
ཅི་མི་སྙམ་པའི་ངང་དུ་ས་ལ་འགྱེལ་བྱུང་།
ཤིན་ཏུ་བྲེལ་ཟིང་ལ་དགའ་བའི་རྐྱལ་སྟོང་དེ་ཚོས།
ཅི་བྱ་གཏོལ་མེད་དུ་གྱུར་ཏེ་སྨྲེ་ངག་འདོན་བཞིན་འདུག།
དོ་ནུབ།
ཆམ་ནད་ཅིག་ངའི་ཉེ་འཁོར་དུ་བཅར་བཞིན།
ང་ལ་ཞེན་ཆགས་ཀྱི་འོ་བྱེད་བཞིན་འདུག
རྩོམ་གསར། 10