ངའི་བློ་རྒྱ་ཁྱོད་རང་ཤོང་ཙམ་ལས་མེད།

ལུག་རྫི།        2021-02-03

ཕོ་རྒྱ་མདའ་ཤོང་མདུང་ཤོང་ཟེར་སྲོལ་ཡོད།

ངས་ཀྱང་ཆེ་རློམ་གྱིས་བུད་མེད་ལྡབ་འགྱུར་གྱིས་

མང་བ་ཆུད་སྙམ།

ནུ་ཞོ་ལྡུད་མཁན་གྱི་བུད་མེད་དེ་ཨ་མར་ཤེས་རྗེས།

ངའི་བློ་རྒྱ་སྲུབས་དོག་པོ་ཆགས་སོང་།

ཧ་ལམ་ཁོ་མོས་བཀང་བ་འདྲ།

དེ་ནས་བཟུང་།

ངས་ཚེ་གང་ཁོ་མོས་ཆོག་སྙམ་པའི་འདོད་ཆུང་གི་

བློ་བསྟེན་གྱིན་བསྟེན་གྱིན།

ནར་སོན་གྱི་ཁུག་ཀྱོག་ཅིག་ནས།

ནུ་ཞོས་མ་འགྲངས་པའི་ལྟོགས་སྣང་ཞིག

ང་ལ་བསྟུད་མར། བསྟུད་མར།

ཉི་ཤར་ནས་ཉི་ནུབ་བར་དུ་བྱུང་གི།

ལྷག་ཏུ་ས་སྲོད་ལ་ན་ཟུག་བཞིན་དྲག་ཏུ་ལྡང་འོང་།

ཉིན་ཞིག

སྟེས་དབང་གིས་ལྟོགས་ཅོར་རྒྱག་མཁན་ཞིག་ལ་འཕྲད་དེ།

ང་རང་ཁོ་མོའི་སྙིང་གི་དཔྱིད་དུ་སྨིན་ཞིང་།

མོ་རང་ཁོ་བོའི་མིག་གི་དཔལ་དུ་བཞུགས་པས།

ངའི་བློ་རྒྱའི་རྩིག་སྲུབས་ལ།

རླུང་བུའང་ཐར་དཀའ་བར་གྱུར་ཏེ།

ལན་བུ་ཅན་སྦྲང་བུར་སྤྲུལ་ནའང་།

འཛུལ་ས་མེད། འཕུར་ས་མེད།

ངའི་བློ་རྒྱ་ལ་ཁྱོད་རང་ཤོང་ཙམ་ལས་མེད།


  • ལེ་ཚན་སྔོན་མ།:རྩྭ་ཐང་དང་འབྲོག་སྡེ་དྲན་པ།
  • ལེ་ཚན་རྗེས་མ།:​སླར་ཡང་མཇལ་ཡོང་།