རྩྭ་ཐང་དང་འབྲོག་སྡེ་དྲན་པ།

མཱ་ལ་ཏི།        2021-02-01

གནམ་ཨ་སྔོན་སྤྲིན་གྱི་ཡོ་ལོང་འཁྲིགས་ཏེ།།

ཆར་ཟིལ་མའི་ཐིགས་པ་ཤག་ཤག་འབབ་དུས།།

གཞིས་རི་ལ་ཆགས་པའི་འབྲོག་པའི་བུ་ཕྲུག།

ལུས་ཆར་ཆུ་སྙོམ་པོའི་བརླན་པ་དྲན་སོང་།།

དགུན་ཁ་བ་བུ་ཡུག་ལྷབ་ལྷུབ་འཚུབ་སྟེ།།

རྩྭ་འཇག་མའི་ཤུགས་གླུ་ཤུམ་ཤུམ་འཐེན་དུས།།

ལུག་གཡང་དཀར་རྗེས་ཀྱི་ཕྱུགས་རྫི་བུ་མོ།།

རླུང་ལྷགས་ཀས་ཞེ་རྩ་འཁྱག་པ་དྲན་བྱུང་།།

རི་མཐོ་པོའི་སྒང་གི་ཁ་བའི་གདན་དུ།།

སེང་དཀར་མོ་འགྱིང་བའི་ཉམས་འགྱུར་མཐོང་ཚེ།།

ཕ་མེས་པོ་གོང་མའི་དེབ་ཐེར་ངོས་ཀྱི།།

བོད་བཙན་པོ་ཚང་གི་ལོ་རྒྱུས་དྲན་བྱུང་།

དབྱར་མེ་ཏོག་དཀར་དམར་མགོ་ལྕོག་ལྡེམ་དུས།།

འབུ་སྦྲང་མའི་མགྲིན་གླུ་དབྱངས་སུ་ཐོགས་ཏེ།།

སྤང་མེ་ཏོག་སྟེང་ནས་གར་ལ་རྩེན་དུས།།

ཆུང་ན་མཉམ་བྱིས་པའི་ལས་དབང་དྲན་སོང་།།

སྟོན་ཟླ་བ་མགོ་མའི་ཚེས་རིས་འཆར་སྐབས།།

ནགས་ལྗོན་པའི་ཚལ་གྱི་ཡལ་འདབ་ལོ་མ།།

ཡུལ་ངེས་མེད་འཕུར་བའི་གཤོག་ཟུང་མཐོང་ན།།

དུས་མི་རྟག་འགྱུར་བའི་རང་གཤིས་མངོན་འདུག།

གནས་རྩྭ་ཐང་སྟེང་གི་འབྲོག་པའི་འཚོ་བ།།

སེམས་གུ་ཡངས་བག་ཕེབས་ངང་དུ་གནས་ཡོད།།

དེ་རྗེན་པར་སྟོན་པའི་ཐ་སྙད་ཕྲེང་བའི།།

ཚིག་ཁྲི་སྟོང་བཀོལ་ཡང་བརྗོད་དོན་མི་ཚར།།


  • ལེ་ཚན་སྔོན་མ།:ཟླ་བའི་ཆུ་མིག
  • ལེ་ཚན་རྗེས་མ།:ངའི་བློ་རྒྱ་ཁྱོད་རང་ཤོང་ཙམ་ལས་མེད།