སྒྲ་རྒྱན་གཅོང་རོང་དོག་པོའི་འདར་གླུ།

རོལ་སྐུད།        2021-01-06

ཡར་ཡར་མཐོ་བའི་བྱ་རྒྱལ་རྒོད་པོ་དང་།།

མར་མར་འགྲོ་བའི་གཙང་ཆབ་འདི་ཀོ་ཡིས།།

དལ་དལ་ཚེ་ཡི་བྱེ་མ་རལ་གྱུར་པའི།།

གསལ་གསལ་ཕུང་ཁམས་སྣང་བ་རིམ་གྱིས་ངལ།།

ཕར་ཕར་འགྲོ་བའི་ལ་ཁའི་ཉི་མ་དང་།།

ཚུར་ཚུར་འོང་བའི་གྲིབ་སོ་ནག་པོ་ཡིས།།

དཀའ་དཀའ་ཆོས་ཀྱི་རྟེན་བཟང་ཆུད་ཟོས་པའི།།

ཡང་ཡང་སྐྱོ་མགུར་ངག་ཐུན་འདི་ཐོས་གཅོང་།།

འཇིགས་འཇིགས་སོ་ཞོ་ངོམ་པའི་འཆི་བདག་དང་།།

རྔམས་རྔམས་གྱད་ཀྱིས་འགྱིངས་པའི་སྟོབས་ལྡན་དཔུང་།།

ཧྲེང་ཧྲེང་གྲོགས་བྲན་བོར་བའི་ཁོ་བོ་ལ།།

ཧ་ཧ་དགོད་བརྒྱ་བཞད་པས་སྙིང་ཚལ་བགས།།

མང་མང་འབྲུ་ནོར་ཞིང་ས་གླིང་བཞི་ཡི།།

གྲགས་གྲགས་སྙན་པ་སྟོང་གིས་དྲེགས་ནའང།།

མྱུར་མྱུར་འདི་སྣང་འགག་པ་ཆ་མེད་པས།།

རིག་རིག་མིག་གིས་ལོངས་སུ་སྤྱོད་ཞེན་ལོག །

ཡང་ཡང་བརྩེ་འདུན་ཟབ་པའི་ཁྱོ་མོ་དང་།།

འགྲོགས་འགྲོགས་ཕྱི་ཐག་རིང་བའི་གྲོགས་རྣམས་ཀྱིས།།

སྐྱིད་སྐྱིད་སེམས་ཀྱི་ངལ་བ་གསོས་ནའང་།།

ཤར་ཤར་སྣང་མཆེད་འགག་པས་བརྡ་འདིས་འཇིག །

ཧབ་ཧབ་ཟུག་པའི་དུར་ཁྱི་སྔོ་ནག་དང་།།

ཧེམ་ཧེམ་ཟ་བའི་དུར་བྱ་ཐང་ནག་གིས།།

གཅེས་གཅེས་ཕུང་པོའི་ལྷ་བཤོས་མིད་པ་ཡིས།།

སྣང་སྣང་འདི་ངོགས་འདི་ལ་ཞེན་རེ་ཅི།།

ད་ནི་ད་ནི་ད་རེས་རྟེན་ཐོག་ལ།།

ཆེ་ཆེ་ཆུང་ཆུང་གང་ཞིག་བསྒྲུབ་ནུས་ཀྱང་།།

ལིང་ལིང་སེམས་ཀྱི་འགྱུ་འཕྲོ་མཚམས་བཞག་སྟེ།།

ཨེ་ཨེ་དཀར་ཕྱོགས་ཤིག་ལ་འབད་ན་ཨང་།།

  • ལེ་ཚན་སྔོན་མ།:ཚེ་སྲོག་གི་གཤེད་མ།
  • ལེ་ཚན་རྗེས་མ།:ཨ་ཕའི་རྟ་ཕོ།