ཅི་ཡང་ཡོད་ལ་ཅི་ཡང་མེད་པ་འདྲ་བའི་ཕ་ཁྱིམ།

ལུག་རྫི།        2020-10-22

སྟེང་མི་བཅོ་ལྔ་ཁྲ་རོག་རོག་གིས་འཛོམས་ཡོད།

ལས་དབང་གི་གཟེབ་ན།

འོག་ཕྱུགས་བརྒྱ་ཕྲག་གོད་ཆག་གིས་

ཕོངས་བཞག

བདེ་འགྲོའི་མི་ཁྱིམ་ན།

ཕྱི་བལྟས་སྐྱེ་བོའི་ཡིད་སྨོན་འཆོར་ས་དེས།

ནང་བཞུགས་ལྷན་རྒྱས་བློ་ཁ་གང་ཡོད་དམ།

འབྲུ་ཁང་ནས་རིལ་རིལ་འབྲུ་དྲུག་ཆད་

མྱོང་མེད་པས།

ཆང་རྐྱལ་གཞོན་ནུ་ལུ་གུ་རྒྱུད་དུ་བྱུང་།

རྩྭ་ར་ན་མང་མང་སྐྱ་རྩྭའི་ཕུང་བོ་བརྗིད་པས

མར་ཕྱུར་མེད་པའི་སྐྱོ་མ་ལྡག་དགོས་མ་བྱུང་།

ངས་ཆང་འཐུང་དམྱལ་བར་སྐྱེ་མིན་ལ་

འདང་རྒྱག་གི་མེད།

རྣམ་སྨིན་གྱི་བགོ་སྐལ་སོ་སོས་མྱང་དགོས་པས།

ང་དེ་ལས་ཀྱང་སེམས་འཚབ་ལང་ས།

ཆང་དང་བུད་མེད་ར་མ་གསུམ་གདམ་

གསེས་ལ་འཕྲད་པའི་འཁྲུལ་བློས།

དབུ་ལོ་མོ་བྲང་ལ་གུག་སྟེ།

ཚངས་སྤྱོད་ཀྱི་དབུ་ཞྭ་ས་ལ་ལྷུང་མཁན་གྱི་

སྤྱོད་ཚུལ་ལ།

ཆང་ཁ་ལ་འཐུངས་ཀྱང་རྩིས་ཁོག་ལ་གསལ་

ཟེར་མཁན་དེས།

ལད་མོ་བྱས་ཨེ་ཡོང་བསམས་ཀྱི།

ང་ད་རུང་ཞེད་ཀྱིན་འདུག

ལད་ཟློས་བྱས་པས་མི་ཚད།

བསླུ་བྲིད་ཀྱིས་བསྐོན་པའི་འདོད་སྲེད་ཀྱི་

ཞགས་པའི་མགུལ་རྒྱན།

བླ་མའི་ཚེ་མདུད་བཞིན་གཅེས་པོར་

བཏགས་ནས།

ཚེ་མཇུག་ལ་འཕུད་རྒྱུ་མ་རེད་སྙམ།

  • ལེ་ཚན་སྔོན་མ།:འབྲོག་ཐང་གི་བུ་མོ།
  • ལེ་ཚན་རྗེས་མ།:འབྲུག་སྒྲ།