ཆང་གཞོན་ནུ། 2020-09-18
ངའི་ནམ་མཁའ་སྔོན་པོ།
དེ་སྔོན་ནས་མུན་པའི་སྤྲིན་ནག་གིས་བསྒྲིབས་ཟིན་ནའང་།
ངའི་སྐྱེད་ཚལ་ཡངས་པོ།
དེ་སྔོན་ནས་གླང་ཁྱུའི་རྨིག་པས་བརྫིས་ཚར་ནའང་།
ངས་ད་དུང་ཁྱོད་རང་མཐོང་མ་བྱུང་།
ཡང་ན་རྨི་ལམ་དུ་བབས་པའི་མཁའ་འགྲོའི་ཚོགས།
སྐྱེ་བ་ནས་སྐྱེ་བའི་བར་དུ།
ང་ཡིས་ཁྱེད་ཀྱིས་དག་ཞིང་སྙེག་སའི་འོད་ཀྱི་ལམ་བུ་ལ་
མིག་ཟུང་ཅེར་ཏེ།
ཟུངས་ཁྲག་གི་རྒྱུ་བ་སྐམ་ཐན་གྱིས་བཟུང་བའི་གཙང་བོ་ལྟར།
སྙིང་རྩ་དང་ཀླད་རྩ་མ་ལུས་མེ་ལྕེས་བསྲེགས་པའི་རྩྭ་སྐྱ་བཞིན།
ཁ་ཕྱོགས་ལ་བོར་སྟོར་ཐེབས་ནས་གང་སར་འཕྱན།
དེ་བས་ང་ཡིས་ཉམ་ཐག་པའི་འོ་དོད་ཀྱིས།
མུན་པའི་ཆེས་ཟབ་ས་ནས་རྒྱང་འབོད་བྱས།
ད་དུང་མ་སླེབས་པའི་ལྷ་མོའི་ཚོགས།
ང་རང་འཁྱག་རོམ་གྱི་གཏིང་ནས་སྐྱེས་པའི།
ལྷགས་རླུང་གི་གྲི་ཁ་ན་འཆི་བའི།
ཚེ་སྲོག་གཉོམ་དུང་ངེ་བ་དེ་ཡིན་པས།
ང་ཡིས་ཁྱེད་རང་ཡང་བསྐྱར་འཚོལ་སྲིད།
དད་པས་མ་ཟིན་པའི་ཁྱེད།
རྩོམ་གསར། 10