དྲིན་ཆེན་དགེ་རྒན་ལགས་བཀའ་དྲིན་ཆེ།

འབྲོག་སྨྱུག་གྲོལ།        2020-09-11

དགེ་བའི་བཤེས་གཉེན་དམ་པ།།

མུན་སེལ་སྒྲོན་མེ་འདྲ་བྱུང་།།

སློབ་བུ་ང་ཡི་མདུན་ལྗོངས།།

འོད་ཀྱི་དངོས་གྲུབ་བསྩལ་བྱུང་།།

དགེ་རྒན་དམ་པའི་གསུང་སྐད།།

ཁུ་བྱུག་སྔོན་མོ་འདྲ་བྱུང་།།

སློབ་བུ་ང་ཡི་སྒོ་གསུམ།།

རང་དབང་མེད་པར་བཀུག་སོང་།།

སློབ་དཔོན་དམ་པའི་ལམ་སྟོན།།

ཕྱོགས་སྟོན་འཁོར་ལོ་འདྲ་བྱུང་།།

སློབ་བུ་ང་ཡི་ལམ་ཁར།།

ནོར་འཁྲུལ་ཡེ་ནས་མ་བྱུང་།།

དགེ་རྒན་དམ་པའི་བསླབ་བྱ།།

སྨན་གྱི་ལྗོན་ཤིང་འདྲ་བྱུང་།།

སློབ་བུ་ང་ཡི་ནད་བརྒྱ།།

རྩ་གསུམ་ལྷུ་ལག་གྲོལ་བྱུང་།།

དགེ་རྒན་དམ་པའི་བྱམས་རྒྱུད།།

གཡང་དཀར་བལ་ལས་འཇམ་བྱུང་།།

སློབ་བུ་ང་ཡི་གཤིས་རྒྱུད།།

མི་གཙང་དྲུག་ལས་བྲལ་སོང་།།

དགེ་རྒན་དམ་པའི་ཐུགས་ཁུར།།

གཏིང་བྲལ་རྒྱ་མཚོ་འདྲ་བྱུང་།།

སློབ་བུ་གསེར་མིག་ཇི་བཞིན།།

ཐུགས་ནས་བོར་ཐབས་མ་བྱུང་།།

དགེ་རྒན་དམ་པའི་སློབ་ཁྲིད།།

ཞིམ་མངར་བདུད་རྩི་འདྲ་བྱུང་།།

སློབ་བུ་སྦྲང་གཞོན་ཇི་བཞིན།།

རྟག་ཏུ་རོལ་དགོས་བྱུང་སོང་།།

དགེ་རྒན་དམ་པའི་ཡིད་ཆེས།།

རི་རྒྱལ་ལྷུན་པོ་འདྲ་བྱུང་།།

སློབ་བུ་ང་ཡི་དད་འདུན།།

ནམ་ཡང་ཡལ་བ་མ་བྱུང་།།

དགེ་རྒན་དམ་པའི་ཐབས་ལམ།།

དྭངས་གསལ་མེ་ལོང་འདྲ་བྱུང་།།

སློབ་བུ་ང་ཡི་འགྲོ་འདུག།

ཝ་ལེར་འཆར་བ་བྱུང་སོང་།།

དགེ་རྒན་དམ་པ་ཁྱེད་ལ།།

སྒོ་གསུམ་གུས་པ་དང་བཅས།།

ཁ་མིན་སྙིང་གི་གཏམ་ཡིན།།

ཁ་དྲོ་བཀྲ་ཤིས་ཞུ་ཞུ།།

  • ལེ་ཚན་སྔོན་མ།:འཁོར་བ།
  • ལེ་ཚན་རྗེས་མ།:སྣང་བའི་འོད་ཀྱི་ཕུང་པོ།