ངག་རིག་བདེན་དོན་འཁྲོལ་བའི་གད་རྒྱངས།

རྨོག་ཐང་དཀར།        2020-09-07

གཞི་དབྱིངས་བདེན་གཉིས་ཕོ་བྲང་སུམ་རྩེན་གྱི་ནང་དུ།།

ཐབས་ཤེས་རྩ་རླུང་འདྲེས་མའི་དངོས་གྲུབ་ཀྱི་སྣང་བ།།

དགོས་འདོད་ཀུན་འབྱུང་སྩོལ་ལ་ཆགས་ཐོགས་རང་མེད་པའི།།

དད་པའི་འདབ་སྟོང་དབུས་ཀྱི་ཉི་མ་དེ་མཁྱེན་ནོ།།

རྩ་གསུམ་དཀྱིལ་འཁོར་གཅིག་ཏུ་སྣ་ཚོགས་ཀྱིས་རོལ་ཅིང་།།

ཟབ་དགུའི་སྙན་པ་སྟོང་ཆེན་ཁྱབ་བརྡལ་དུ་འབར་བའི།།

ཐེག་པ་གཅིག་ཏུ་དྲིལ་བའི་གསང་གསུམ་གྱི་མན་ངག།

ཞི་བསིལ་འོད་དཀར་ཟེགས་མའི་ཟླ་བ་དེ་མཁྱེན་ནོ།།

གནས་མཆོག་དགའ་བ་བརྒྱ་ལྡན་འོག་མིན་གྱི་ཞིང་ན།།

ངེས་དོན་ཆོས་ཀྱི་བདུད་རྩི་ཐོལ་སྐྱེས་ཀྱི་སྣང་བས།།

ཅི་འདོད་གང་ལ་སེམས་ངོ་བརྡ་ཐབས་ཀྱིས་འཕྲོད་པའི།།

སེམས་ཙམ་ཤིང་རྟ་འཛིན་པའི་སྐར་མ་དེ་མཁྱེན་ནོ།།

ཡེ་བྲལ་རྩལ་རྫོགས་རིག་པའི་ལྡིང་ཁང་གི་དབུས་སུ།།

མ་བཅོས་དྲུག་འགྱུར་སྙན་པའི་མགུར་གླུ་རང་བདེ་སོང་།།

ཟབ་ཆོས་ཉི་ཟླའི་སྣང་བ་ཐུགས་དཀྱིལ་དུ་འཆང་ཞིང་།།

སྲིད་རྩ་ཧྲིལ་གྱིས་གཅོད་པའི་སྤུ་གྲི་དེ་མཁྱེན་ནོ།།

མཉམ་མེད་བུ་རམ་ཤིང་པའི་ཐུགས་དཀྱིལ་གྱི་ཟླ་བས།།

ཞི་བདེ་དགེ་བའི་མེ་ཏོག་སྐྱེད་ཚལ་དུ་དྲངས་སོང་།།

འཁོར་འདས་ཕུ་ཐག་གཅོད་པའི་རིགས་བདག་གི་བླ་མ།།

སྟོང་གསུམ་རི་རབ་བྱེ་བའི་སྤྱི་སྙིང་གི་གཙུག་ཏོར།།

རྣམ་འདྲེན་སངས་རྒྱས་སྟོང་གི་སྒྱུ་འཕྲུལ་གྱི་ཞགས་པ།།

མི་མཇེད་འཇིག་རྟེན་ཞིང་ལ་ཅིག་ཅར་དུ་གཡོས་ཀྱང་།།

བསྐལ་པ་བགྲངས་ཡས་དུས་ཀྱི་ཕྱི་ནང་གི་འཇིག་རྟེན།།

སྲིད་པའི་མེ་རླུང་འབྱུང་བའི་ཤུགས་འགྲོས་ཀྱི་རྗེས་འབྲངས།།

བདེ་གཤེགས་ཉིད་ཀྱིས་བསྔགས་པའི་ཐར་ལམ་གྱི་འཇུག་ངོགས།།

ཚོགས་གཉིས་ཟུང་དུ་བསྡེབས་པའི་རྒྱུ་མཐུན་གྱི་འབྲས་བུ།།

དེ་ཡང་དམིགས་པ་ཀུན་གཞིའི་སེམས་བསྐྱེད་འདི་ལྡན་ཚེ།།

ཤེས་སྟོང་རིག་པའི་མཁའ་ལ་ཁྱུང་ཆེན་བཞིན་ལྡིང་འགྲོ།།

ཉམས་ལེན་སེམས་ཀྱི་སོ་བ་བྲག་ཕུག་ཏུ་འཆི་ཞིང་།།

རྟོག་གེ་མཚན་ཉིད་པ་ནི་ཆོས་ར་ནས་རྒས་པའི།།

ངེས་འབྱུང་གཏན་ཚིགས་གཉིས་ཀྱི་སོ་ཁ་ལ་འཐམས་པའི།།

ཇི་སྙེད་སྐྱེ་བོ་དག་ནི་ཕྱོགས་གཅིག་ཏུ་ལྷུང་འདུག།

རྒྱལ་ཁམས་རིག་པས་བསྐོར་བའི་དགེ་ཆོས་ཀྱི་མི་ཚེ།།

འོད་སྟོང་མུན་པས་གབ་པའི་སྣང་ཚུལ་ཞིག་འདུག་གོ།

ཆགས་འཇིག་རྡུལ་གྱི་འཁོར་བ་སྤར་ནང་དུ་སྡོམ་པའི།།

མ་ངེས་འཇིག་རྟེན་མི་ཚེ་རྒྱང་རིང་གི་ལམ་ཕྲན།།

སྡིག་པའི་ཉེས་དམིགས་གླེང་ན་མནར་མེད་ཀྱི་འོབས་དོང་།།

དགེ་བའི་ཕན་ཡོན་འཆད་ན་བདེ་ལྡན་གྱི་ཞིང་ཁམས།།

མི་མཐུན་འཁོར་བའི་གཡབ་མོ་དྲག་རླུང་བཞིན་རྒོད་དོ།།

མཐུན་སྣང་ཆོས་ཀྱི་རྩ་བ་རྙེད་ཐབས་ཤིག་ཡོད་དམ།།

འཆད་པ་ངག་གི་སྒྲོམ་བུ་ལྕེ་ཞགས་སུ་འཁྱིལ་ཞིང་།།

རྩོད་པ་ཕྲ་ཞིབ་འཐགས་པའི་རིགས་ལམ་ཞིག་ལྡན་ཡང་།།

རྩོམ་པ་དབྱངས་ཅན་ལྷ་མོའི་རེ་སྒུག་གི་ན་ཟླ།།

འཆི་བའི་རྨི་ལྟས་འཁྲུགས་ན་འཇིགས་སྣང་གིས་གཟིར་འགྲོ།།

གཞན་ངོར་སྲོག་གི་གཤེད་ལ་སྤུ་གྲི་བཞིན་རྣོ་ཡང་།།

ངེས་འབྱུང་སད་རྟོགས་ཁྱེར་ན་གུང་ཐང་གི་མི་ལས།།

འཆི་བ་གཞན་དུ་མི་འདུག་འདུ་ཤེས་ཀྱི་འཛིན་སྟངས།།

ཆོས་མགུར་རེ་རེའི་ཁྲོད་ན་དཔེ་རྒྱན་རེ་གསུངས་འདུག།

སྔོན་ཚེ་མཁས་པའི་རྒྱལ་མཚན་གཙུག་ལག་གི་བླ་བྲེ།།

སྒྲིབ་བྲལ་སེམས་ཀྱི་གཤིས་ལ་སྔོག་འདོན་ཞིག་མེད་ཚེ།།

གཤིན་ཡུལ་བར་དོའི་ངུ་འབོད་ཁེར་རྐྱང་དུ་འདོན་ཞིང་།།

དགེ་སྡིག་ལས་ཀྱི་འབྲས་བུ་རྒྱ་རྡོ་ལས་གཞལ་དགོས།།

བསྐྱེད་རྫོགས་ཉམས་ལེན་དངོས་གཞིའི་ཆ་ལག་ཅིག་མེད་ན།།

གཤིན་པོའི་སྔས་ནས་སྟོང་སྐད་སྒྲོག་རྐྱང་ཞིག་མིན་ནོ།།

ཕལ་བའི་མི་བཞིན་ཐོག་མར་དབྱངས་གསལ་ནི་སློབ་དགོས།།

རྒྱུད་དང་མ་འདྲེས་དཔའ་ངར་ཡོང་དོན་ནི་མི་འདུག།

དམིགས་པ་ཡུལ་ལ་གནད་ཀྱི་མེ་བཙའ་ཞིག་མེད་ན།།

གཏོ་འདོན་ཆོས་སྐད་བརྗིད་པོས་སངས་དཀྲོག་ཅིག་མེད་དོ།།

རིག་པ་ཡེ་ཤེས་ཁམས་ལ་བྱི་དོར་ཞིག་མེད་ན།།

འཁོར་གསུམ་ཐལ་སྒྲའི་ཉམས་ཀྱིས་ལམ་འདྲེན་ནི་ཅི་ཡོང་།།

འཁོར་འདས་མཉམ་པར་བརྡལ་བའི་མཁའ་དཀྱིལ་དུ་འཕུར་ཏེ།།

སྣ་ཚོགས་ཡུལ་ལ་ཞིབ་པའི་མིག་ཟུང་དེ་ཕབས་ན།།

ངེས་འབྱུང་རྡོ་རྗེ་ཟེགས་མའི་འཁོར་སྐྱོད་ལ་ཞོན་ནས།།

དབེན་སིམ་རི་ཁྲོད་ཅིག་ཏུ་བསེ་རུ་བཞིན་རྒྱུ་འདོད།།

ནང་གི་ཚོགས་དྲུག་སྣང་བའི་འགྱུ་བ་དེ་རྒོད་ཅིང་།།

རྒྱལ་ཁམས་མཐིལ་གྱི་མེ་ཏོག་ཁྲ་ཚོམས་སུ་བཞད་པས།།

ཟག་ལུས་དུག་གི་མེ་ཏོག་མ་འཐོར་གྱི་བར་དུ།།

སྒྱུ་མའི་འཇའ་དང་དབྱེར་མེད་འབྲལ་ཐབས་ནི་དཀའ་འོ།།

ཕྱི་ཡི་བསླུ་བྲིད་ལྕགས་ཀྱུ་གཟེངས་རིང་འདི་འགོག་མཁན།།

ནང་གི་ཟུང་འཇུག་རྡོ་རྗེའི་གོ་ཁྲབ་དེ་ཡིན་ནོ།།

སེམས་ཉིད་ངལ་བ་གསོ་བའི་བདེ་ཆེན་གྱི་འབོལ་ཁྲི།།

མཐའ་བརྒྱད་སྤྲོས་པ་བྲལ་བའི་དབྱིངས་རིམ་དེ་ཡིན་འདུག།

སུ་ཡིས་བལྟས་ཀྱང་ཉམ་ཆུང་ངག་ལྐུག་ཏུ་འདུག་ཅིང་།།

ནང་གི་ཉམས་རྟོགས་སྙན་པའི་ཡིག་འཕྲེང་ལ་བསྟར་ཏེ།།

ཚོར་འདུ་བདེ་བའི་སྐད་ཆ་སྙན་ངག་ཏུ་བྲིས་ན།།

རང་སེམས་གསོ་བའི་བདུད་རྩིའི་བྱབས་ཁྲུས་དེ་ཡིན་ནོ།།

མདོར་ན་ཧྲིལ་བོ་མ་མཐོང་ལོང་བ་ཡི་སྐྱོན་མཚང་།།

ད་དུང་སྣ་ཚོགས་མ་ཐོས་འོན་པ་ཡི་ཉེས་དམིགས།།

གང་དང་གང་ཞིག་ཉེས་པའི་སྐྱོན་ཆ་རུ་གྱུར་རྣམས།།

ཚིག་དོན་མཁས་པའི་བློ་ངོར་དགོངས་དག་ཅིག་ལོས་ཞུ།།

  • ལེ་ཚན་སྔོན་མ།:བརྟན་ཚུགས་མེད་པའི་མི།
  • ལེ་ཚན་རྗེས་མ།:འཁོར་བ།