སད་དགོས་པའི་གཞོན་རབས་པ།

སྨན་ལྗོན།        2020-09-04

ཤེས་རིག་གསེར་གྱི་ཉི་འོད་མཁའ་ལ་འཆར།།

དབྱངས་གསལ་སོ་བཞིའི་ང་རོ་སེམས་སུ་སྨྲས།།

རིག་པའི་གོམ་ཁ་སྙེག་པའི་ན་གཞོན་ཚོས།།

སྙན་པའི་གཞུང་ལུགས་ཕྱོགས་ལ་འབད་པར་བྱོས།།

རིག་པའི་སྦྲང་རྩི་འཚོལ་བའི་རྐང་དྲུག་ལགས།།

མ་འོངས་མདུན་ལམ་བསམས་ནས་བརྩོན་པ་བྱོས།།

དབྱངས་གསལ་སེམས་ཀྱི་སྒྲོན་མེ་རྐང་གཅིག་དེ།།

རང་ཅག་མི་ཚེའི་འབྲུ་མ་ཡོད་ཚད་ཡིན།།

མ་ཡུམ་སློབ་གླིང་འགྲིམ་པའི་གྲྭ་བཙུན་ཁྱུ།།

རིག་པའི་གཏིང་ཚད་བློ་ཡིས་ཞིབ་ཏུ་དཔྱོད།།

སྙན་འཇེབས་དབྱངས་ཀྱི་གཤོག་པ་ཞོར་དུ་འཚོལ།།

མདུན་ལམ་དུང་འོད་འགྲོ་བའི་བསིལ་ཆབ་ཡིན།།

སློབ་གླིང་གཅིག་ཏུ་འཛོམ་པའི་མཆེད་གྲོགས་ཚོ།།

ཡིག་དྲུག་དབྱངས་རྟའི་ང་རོ་མ་ཉམས་གྱེར།།

ཕུགས་བསམ་ཟབ་མོ་མི་ཚེའི་ཆུ་ཡི་རླབས།།

ནམ་ཡང་དལ་འགྲོ་གཙང་བོའི་རྒྱུན་དུ་སྐྱོང་།།

གཞུང་ཆེན་བཀའ་པོད་ལྔ་ཡི་རྒྱུད་རིམ་ཁྲོད།།

རིགས་ལམ་བསྡུས་གྲྭའི་ཐལ་སྐད་གནམ་ས་གང་།།

ངག་གི་བརྗོད་འདོད་དགའ་བའི་ནང་ཆོས་དག།

མཁས་མང་ལྷན་དུ་འཛོམ་པའི་ངག་རིག་ཡིན།།

སློབ་མའི་མདུན་ལམ་ཕྱོགས་ཀྱི་འགན་འཁྲི་སྟེ།།

དཀའ་བའི་རི་རྒྱལ་བཞིན་དུ་ལྕི་མོད་ཀྱང་།།

མཁས་པའི་རེ་འདོད་བཅང་པའི་འདུན་ས་ལ།།

སྤོབས་པའི་ཤུགས་རྩལ་ཉི་ཟླའི་དགུང་མཉམ་ཤོག།

མི་རིགས་སྤྱི་ཡི་ཕན་བདེར་དོ་ཁུར་མཛོད།།

སྐད་དང་དབྱངས་གསལ་གཉིས་ལ་སྲོག་ལྟར་གཅེས།།

མ་ཉམས་རྒྱུན་སྐྱོང་བྱས་ནས་རང་རིགས་ལ།།

ཀུན་ལ་ཕན་པ་དགོས་པའི་སྲིད་ཞུ་སྒྲུབ།།

  • ལེ་ཚན་སྔོན་མ།:བརྡ་རྙིང་།
  • ལེ་ཚན་རྗེས་མ།:བརྟན་ཚུགས་མེད་པའི་མི།