མི་ཡུལ་འཁྱམས་པོའི་རྒྱང་གླུ།

ཁམས་སྨྱུག་གསར།        2020-08-26

བཅུ་དྲུག་ལང་ཚོ་རྩེན་པའི་ཟླ་ཤེལ་གྱི་སྲིང་མོ།།

བདག་མགྲིན་པད་འདབ་ཡོམ་པའི་གུར་ཁང་དུ་བྱོན་ནས།།

གཡོ་མེད་སྲིད་ཞིའི་དབྱངས་རྟ་སོར་རྩེ་རུ་དྲངས་ཏེ།།

ཟག་མེད་བདུད་རྩིའི་དབྱངས་ཀྱི་ལོངས་སྤྱོད་ཅིག་སྩོལ་མཛོད།།

ཚོར་བའི་རླུང་གིས་བསྐྱོར་བའི་འདིར་སྣང་གི་གྲུ་ཆུང་།།

ཡིད་ཀྱི་དེད་དཔོན་བགྲེས་པོས་ཁ་ལོ་རང་བསྒྱུར་ཏེ།།

མཚར་སྡུག་མཆོར་སྒེག་འཁུར་བའི་སྙན་ངག་གི་རོལ་དབྱངས།།

སྲིད་གསུམ་སྣང་བ་བཟི་བའི་བདུད་རྩི་རུ་དཀྲོལ་འདོད།།

དཀར་ནག་ལས་ཀྱིས་གསོས་པའི་བདེ་སྡུག་གི་ཐང་ན།།

ཚོགས་དྲུག་སྣང་བ་རྒྱུ་བའི་གཙང་བོ་ཡི་གཉེར་རིས།།

རྟོག་བཏགས་ཕ་མཐའ་མེད་པའི་རླུང་བུ་ཡི་ཤུགས་ཀྱིས།།

མི་བདེན་སྒྱུ་མའི་ཁམས་ནས་ཡོམ་ཡོམ་དུ་འགུལ་བྱུང་།།

གང་སྣང་འཁྲུལ་བའི་ཆོས་འདི་ངེས་མེད་དུ་སྐྱོད་པས།།

ཀུན་རྟོག་སྦྲང་ཆུང་འཁོར་བའི་ཞེན་ཆགས་ཀྱི་རོལ་དབྱངས།།

འཁོར་བའི་བདེ་བ་འཚོལ་བའི་སོར་རྩེ་ནས་དྲངས་ཀྱང་།།

སྡུག་བསྔལ་ཚོར་རླུང་འདི་ཡི་སྣོན་མ་རུ་གྱུར་འདུག།

དལ་འབྱོར་མི་ལུས་རྙེད་པའི་སྐལ་བ་ཙམ་བྱུང་ཡང་།།

རྟོག་འགྱུའི་རྒྱལ་ཁམས་ཉུལ་བའི་ངང་ཚུལ་ལ་ཞུགས་པས།།

ཟིན་མེད་དགའ་སྐྱོའི་རླབས་ཀྱི་ལྟད་མོ་ལ་གཡེངས་ཏེ།།

དོན་མེད་མི་ཚེ་རྫོགས་པའི་མཐོང་སྣང་དེ་སྐྱོ་བ།།

ཉི་མས་ཕྱི་མིག་རྩེན་པའི་མཚམས་སྤྲིན་གྱི་མཐའ་ནས།།

སྤྲིན་འདབས་མཆི་མས་བརླན་པའི་སྣང་ཚུལ་ལ་བསམ་ཚེ།།

རྟེན་འབྲེལ་ལས་ཀྱིས་འདེགས་པའི་སྲིད་གསུམ་གྱི་ཆོས་ཀུན།།

མི་རྟག་བསེར་མས་འདེད་པའི་གཤིས་ལུགས་དེ་རྟོགས་བྱུང་།།

སེམས་བྱུང་སྒྱུ་མ་མཁན་གྱི་རོལ་རྩེད་ལ་འཁྲེང་བའི།།

གང་ལ་ཡིད་གཏད་མེད་པའི་རྒྱུས་མེད་ཀྱི་འཁྱམས་པོས།།

མི་ཡུལ་འཇིག་རྟེན་འགྲིམ་པའི་རྟོག་ཚོར་གྱི་རི་མོ།།

དྲན་པའི་ནམ་མཁའ་དེ་ན་སྐར་ཚོགས་བཞིན་ལུས་འདུག།

དཔྱིད་རླུང་ལྷོད་ཀྱིས་ལྡང་བའི་སྒོ་དར་ཀྱི་འགྲམ་ནས།།

ཟླ་བ་སྤྲིན་གསེབ་ཡིབ་པའི་མཚན་མོ་ཡི་ལྗོངས་དེར།།

གཅིག་པུར་འདས་དོན་འཚོལ་བའི་ལྗོངས་རྒྱུ་ལ་ཞུགས་ཚེ།།

འདུས་བྱས་སྒྱུ་མ་གཡོ་བའི་རྒྱང་གླུ་ཞིག་ཤོར་སོང་།།


  • ལེ་ཚན་སྔོན་མ།:ས་སྲོད་དང་མ་ཡུམ།
  • ལེ་ཚན་རྗེས་མ།:བདག་གི་སྟོན་པ།