ཚོགས་དྲུག་རྒན་པོའི་ཁེར་གཞས།

ཁམས་སྨྱུག་གསར།        2020-08-24

གཟན་སྣེ་རླུང་གིས་འགུལ་བའི་རི་སུལ་གྱི་ཁུད་ན།།

ལང་ཚོའི་ཁོ་ལག་རྫོགས་པའི་འཁྲི་ཤིང་གི་ན་ཆུང་།།

ཡིད་ཀྱི་ཏིང་འཛིན་ལྷོད་ལ་བདག་ཕྱོགས་སུ་འཁོར་དང་།།

སྲིད་ཞིའི་ལྟད་མོ་མཐོང་བའི་སྒོར་བྲོ་ཞིག་ལྡིང་ངོ་།།

ཞེན་ཆགས་མུ་ཏིག་ཚིག་གི་ཕྲེང་བ་ལ་བསྟར་བའི།།

མི་ཚེ་དགའ་སྐྱོ་སྣང་བའི་འདེགས་འཇོག་གི་གསེབ་ནས།།

ཚོར་བའི་དབྱངས་རྟ་འདེད་པའི་ངན་ཤོར་གྱི་རྣམ་ཤེས།།

རྒྱུས་མེད་ས་མཐའ་བསྙེགས་པའི་སྒྲུང་གཏམ་ཞིག་འགོད་དོ།།

བརྟུལ་ཞུགས་དགེ་སྡིག་ལས་ཀྱི་རྒྱུད་སྐུད་ལ་འཇུ་བའི།།

མ་ངེས་སྐྱིད་སྡུག་སྣང་བའི་ཉི་གྲིབ་ཀྱི་མཚམས་ན།།

ཀུན་རྟོག་རྩེད་འཇོར་གཡེང་བའི་བྱིས་སེམས་ཀྱི་བུ་ཆུང་།།

མ་བརྟགས་ཉམས་དགའི་སྣང་ཚུལ་བདེན་པ་རུ་འདུག་གམ།།

མཚར་སྡུག་མཆོར་སྒེག་འཁུར་བའི་ན་ཆུང་གི་སྐྱེ་གཟུགས།།

འདུས་བྱས་རོལ་མོ་འཁྲོལ་བའི་དུར་རླུང་གི་གསེབ་ནས།།

རྒྱུས་མེད་ལས་ཀྱི་རྒྱལ་མོས་སྣང་མེད་དུ་གསེད་ཚེ།།

སྣང་ཡུལ་མཛེས་པའི་ལང་ཚོ་བདེན་པ་རུ་འདུག་གམ།།

ཚོར་བའི་དབྱངས་རྟ་འཁྲོལ་པའི་སྙན་འཇེབས་ཀྱི་རྫི་གླུ།།

བརྩེ་སེམས་སྙིང་གཏམ་བརྗོད་པའི་གླིང་བུ་རུ་འདུག་ཀྱང་།།

མི་རྟག་སྲིད་པ་རྒན་པོས་ཆོ་ངེ་ཞིག་འཐེན་དུས།།

ན་ཆུང་ཡིད་ཀྱི་མཛའ་གཞས་བདེན་པ་རུ་འདུག་གམ།།

སྟོན་གྱི་མེ་ཏོག་ལྡེམ་པའི་དྲི་བསུང་གི་བསེར་བུ།།

ཡིད་ཀྱི་སྦྲང་མ་བསླུ་བའི་རྐུན་པོ་རུ་འདུག་པས།།

མི་བདེན་སྒྱུ་མའི་ལུས་འདི་ནད་གཅོང་གིས་རྒུད་ཚེ།།

གཙང་བཙོག་དྲི་ཡི་བཟང་ངན་བདེན་པ་རུ་འདུག་གམ།།

རྒྱུ་ཆེན་ནོར་གྱིས་བསླུས་པའི་ཕྱུག་བདག་གི་རོ་འཛིན།།

ཞིམ་མངར་དྭངས་མའི་ཟས་ཀྱིས་ཚིམ་པ་རང་མེད་ཀྱང་།།

ས་གཞི་སྐྱ་བོར་གྱུར་པའི་ལྟས་ངན་ཞིག་བྱུང་ན།།

ཞིམ་ངན་གཉིས་སུ་ལྟ་བ་བདེན་པ་རུ་འདུག་གམ།།

ལུས་ཀྱི་རེག་བྱ་འདྲེན་པའི་འཇམ་མཉེན་གྱི་འཚོ་བར།།

རེ་དོགས་ཞེན་ཆགས་སྒྱུ་མའི་ན་བུན་གྱི་གྲོང་ནས།།

ཟིན་མེད་ལོ་ཟླ་དེད་དེ་འབད་པ་ཞིག་བྱས་ཀྱང་།།

སྣང་བ་འཇའ་ཡི་ངང་ཚུལ་བདེན་པ་རུ་འདུག་གམ།།

སྒོམ་ཆུང་ཏིང་འཛིན་ལྷོད་པའི་ཚོགས་དྲུག་གི་བྱེའུ་ཆུང་།།

རྣམ་རྟོག་བུ་ག་ཕྲ་མོའི་འཇིག་རྟེན་དུ་ཉུལ་ཚེ།།

བདེ་སྡུག་ཚོར་བའི་བུ་ཆུང་བདེན་པ་རུ་སྣང་སྟེ།།

འཁོར་བའི་ཐང་ཆེན་ཉུལ་བ་བརྗོད་མཐའ་ཞིག་འབྲལ་ལོ།།

ནགས་ཀླུང་ཡིད་ཀྱི་དགའ་ཚལ་གནས་མལ་དུ་བརྟེན་ནས།།

ཏིང་འཛིན་རིག་པའི་བུ་ཆུང་ཁམ་ཟས་སུ་གསོལ་ཏེ།།

གདོད་མའི་ཕ་ཆོས་མཐོང་བའི་སྐལ་བ་ཞིག་བྱུང་ན།།

མི་ཡུལ་ལྟད་མོར་འགྲིམ་པའི་དོན་སྙིང་ཞིག་རྙེད་འདུག།

  • ལེ་ཚན་སྔོན་མ།:མ་ལོ།
  • ལེ་ཚན་རྗེས་མ།:ས་སྲོད་དང་མ་ཡུམ།