ཀ་རྩོམ་སེམས་ཀྱི་སྐུལ་མ།

        2020-08-20

ཀ་རྩོམ་སེམས་ཀྱི་སྐུལ་མ།

---སློབ་ཆུང་འགྲིམ་བཞིན་པའི་ནུ་བོ་ཟུང་ལ་བསྐུར་བའི་འཕྲིན།

ཀ་བ་གདུང་ལྕམ་བཟང་བའི་སློབ་ཁང་ནང་།།

ཁ་སེམས་གནས་ལ་བྲེལ་བའི་ནུ་བོ་ཟུང་།།

ག་ལེར་འཕྲིན་ཐུང་འདི་ལ་གཟིགས་རོགས་དང་།།

ང་ལ་སྐད་ཆ་འགའ་ཞིག་ཞུ་འདོད་སྐྱེས།།

ཅ་འབྱིན་དགོས་པའི་བྱ་དངོས་མང་ན་ཡང་།།

ཆ་ལུགས་དང་ནི་སྤྱོད་པ་ཀུན་ལས་གཙོ།།

ཇ་ཡུན་ཙམ་ལས་སྤྱོད་པ་མེད་ན་ཡང་།།

ན་ཚོད་རྫོགས་ཀྱང་མཚན་ངན་ལྷག་པར་ངེས།།

ཏ་ལའི་རྐང་བའི་གཙུག་རྒྱན་འགྱུར་མིན་དང་།།

ཐ་མའི་ཐ་མར་ལྷུང་དང་མི་ལྷུང་སོགས།།

ད་ལྟའི་དུས་འདིར་བརྩོན་མིན་རག་ལས་པས།།

ན་ཚོད་གཅེས་སུ་འཛིན་རྒྱུ་ཧ་ཅང་གལ།།

པ་སངས་ལྟ་བུའི་སེམས་པ་དཀར་བ་དང་།།

ཕ་མ་རྒན་ལ་བཀུར་བའི་སྤྱོད་བཟང་དག།

བ་སྐྱ་བཞིན་དུ་འདོར་བ་མ་མཛད་དང་།།

མ་སོགས་དྲིན་ལ་དྲིན་གཟོ་བྱ་ཐབས་མཆོག།

ཙ་གེ་ཙིག་གེའི་དོན་དུ་མི་རྩོད་པར།།

ཚ་རུ་བཞིན་དུ་ཀུན་དང་འགྲོགས་བདེ་བྱོས།།

ཛ་ལང་སྤྱོད་པས་གཞན་གནོད་མང་འགྱུར་ན།།

ཝ་དང་འདྲ་བར་གྲལ་སྣེར་ཕུད་པ་ངེས།།

ཞྭ་རིགས་འདྲ་མིན་ཀུན་གྱི་བསྟན་པ་ལ།།

ཟ་དང་ཟུར་ནས་སློབ་སྦྱོང་ཐུབ་མིན་ལྟོས།།

འ་ཅག་མི་ལ་འདི་ཕྱིར་ཕན་པའི་ལས།།

ཡ་ཏོག་འགྱུར་བའི་ཆོས་ལས་གཞན་ཞིག་མེད།།

ར་བ་གངས་ལས་མཆེད་པའི་ནུ་བོ་ཟུང་།།

ལ་ལུང་གཞན་དུ་འགྲོ་སྐལ་ལྡན་འགྱུར་ན།།

ཤ་ཟན་བོད་པའི་སྤྱོད་བཟང་མ་བརྗེད་ཅིག།

ས་ཕྱོགས་མིང་ཡིག་གྲིབ་བཞིན་འགྲོགས་ནས་ཡོད།།

ཧ་ལམ་ཙམ་དུ་བགྲོ་བའི་ཡིག་ཆུང་འདི།།

ཨ་རྒྱ་ང་ཡི་ལེགས་སྐྱེས་ཚབ་ཏུ་ཡིན།།

ན་ཚོད་གཞོན་པའི་རིག་གསལ་ཁྱེད་གཉིས་ལ།།

མ་འོངས་དུས་ལ་ཅུང་ཟད་ཕན་པར་སྨོན།།

༼ རོང་ཕྲུག ༽


  • ལེ་ཚན་སྔོན་མ།:ཤིན་ཏུ་འཁྱག་པའི་སེམས་པ།
  • ལེ་ཚན་རྗེས་མ།:ནས་འཁུར་བུ་མོ།