རི་རྒྱབ་ཀྱི་སྨུག་པ་།

ཞོགས་འོད།(མཚོ་སྔོན)        2017-09-06

རྒྱང་རིང་དེ་ནས་མིག་ཤེས་རབ་རིབ་ཀྱིས།།

སྐར་མའི་སྒལ་ཚིགས་དབྱིབས་ལ་ལྟ་བའི་ཞོར།།

རང་གི་བྱད་ལ་རང་གིས་ཉུག་པ་དང་།།

སེམས་ཀྱི་ཨ་ལོང་སིལ་སྒྲ་སྒྲོག་པའི་སྐབས།། 

ཕར་བལྟས་འཁོར་བའི་བྲག་ཅ་རྣ་ལ་བཙུད།།

ཚུར་བལྟས་སྲིད་པའི་ལང་ཚོ་སྙིང་ལ་བསྐངས།། 

གང་ལྟར་བདག་ཉིད་ཕར་གྱི་རི་བོའི་ངོས།།

མཆོང་དང་འཐམ་པའི་ཚུལ་གྱིས་འཛེགས་པ་ན།།

བྱ་རྒོད་རྙི་ལ་འཛིན་པའི་དབུ་བློའི་མདས།།

རང་གི་རྐང་མཐིལ་ཕུག་སྟེ་འོང་གིན་གདའ།།

དེའི་སྐབས་རི་སྐེད་ལྷུང་བའི་སྤྲིན་པའི་གཟུགས།། 

པང་གང་བཟུང་སྟེ་ཕྱིར་ལ་ནུར་འདོད་ཀྱང་།། 

བདག་ལ་བརྩེ་བའི་སྙིང་གི་ལྷ་ཚོགས་ཀྱང་།།

མངོན་དང་མི་མངོན་མཚམས་ནས་དགའ་བས་བྲོད།།

དེ་དུས་གཉུག་མ་འཚོལ་བའི་གར་མཁན་གྱིས།།

སྨིག་རྒྱུའི་དཀྱིལ་འཁོར་རེ་ནས་སྐེ་སོ་འཕེན།། 


  • ལེ་ཚན་སྔོན་མ།:དགུན་ཁའི་སྙིང་གཏམ་།
  • ལེ་ཚན་རྗེས་མ།:མུན་ཁྲོད་ནས་འོད་བསུབས་པ།