མདོ་སྐྱེས།(རེབ་གོང) 2017-09-06
བཙག་རླུང་འུར་འུར་ལྡང་པའི་དུས་ཤིག་ལ།།
ཟླ་འོད་མག་མོག་ཡིན་པའི་མཚན་ཞིག་ལ།།
རྐང་ལག་གྲང་རེག་ཆགས་པའི་འབྲོག་ཕྲུག་ཅིག།
རང་བློར་བབས་པའི་འབྲོག་མོ་ཞིག་གི་གམ།།
ལ་གཞས་ལེན་བཞིན་ཙག་རླུང་སྒོམ་བཞིན་སོང་།
སྒོ་ཁྱི་བཙན་པོ་ཞིག་གི་ཟུག་སྐད་འོག།
གྱང་ཕག་བརྒྱུད་ནས་སྙིང་རྩ་འདར་གྱིན་སོང་།།
སྐྲག་ཞོར་འདར་ཞོར་བུ་མོའི་གམ་དུ་ཕྱིན།།
འཇམ་ལྡན་ཉལ་ཐུལ་ཡག་པོའི་གོང་སྲུབས་ནས།།
སྐད་གདངས་དམའ་བའི་ཚིག་འགའ་ལྷོད་ཀྱིས་བཤད།།
ཕར་ལ་དགའ་བའི་སྙིང་གཏམ་ཞིབ་ཏུ་བཤད།།
ཚུར་ལ་དུངས་བའི་འོ་ཞིག་ཡུན་གྱིས་བྱས།།
ལོ་ན་ག་ཚོད་ཡིན་འདུག་འདྲི་ཞོར་དུ།།
དགའ་རོགས་དགའ་མ་ཡོད་མེད་མནའ་རེ་བསྐྱལ།།
འགྲོགས་ནས་བཟུང་དེ་མི་འགལ་དམ་རེ་བཅས།།
ཕྱི་ཐག་རིང་མིན་ཕྱོགས་ལ་ཉམས་རེ་བླངས།།
སྐྱ་རེངས་སྐྱ་མདའ་བཀྱག་དུས་འགྲོ་རན་པས།།
སྙིང་ལ་འཐིམ་པའི་གཅེས་གཏམ་མང་པོ་ལབ།།
མ་བརྗེད་མི་འགྱུར་སྙིང་གྲོགས་ང་ཡིན་ཟེར།།
མི་བརྗེད་སྙིང་གི་གཏན་གྲོགས་ཁྱོད་ཡིན་བཤད།།
སུ་ལ་ཡིད་ཆེས་དཀའ་བའི་སྙིགས་དུས་འདིར།།
རྟག་ཏུ་འགྱུར་བ་མེད་པའི་ཁྱེད་དང་ང་།།
འཁོར་བ་ཁྲ་ཁྲ་འདི་ཡི་མོག་ལམ་ནས།།
བརྩེ་བ་འགྱུར་བ་མེད་པའི་ཟླ་གྲོགས་ཡིན།།
རྩོམ་གསར། 10