ས་ཆེན་གཙུག་གི་ནོར་བུ་ཨ་མ་ཡིན།

ཙ་སུར་སྦྱིན་པ།        2020-07-31

ཀ་བཞིན་དྲང་ཞིང་ཀ་ར་ཞིམ་པོའི་རིགས།།

ཁ་ནས་ལུད་ཅིང་ཁ་སེམས་དཀར་བའི་མ།།

ག་སར་བཞུགས་ཤིང་ག་ནས་རླབས་ཆེ་བ།།

ང་ཡིས་བལྟས་ན་ང་ཚོའི་ཨ་མ་ཉིད།།

ཅ་ཅོ་མི་དགའ་ཅ་ནེ་ཅ་ཀ་སོགས།།

ཆ་འགྲིག་ལེགས་པའི་ཆ་བའི་ཐབ་ཚང་ལ།།

ཇ་ཆང་རོལ་བའི་ཇ་མའི་ལས་འཛིན་མཁན།།

ཉ་ཁྱིམ་ཞག་ལ་ཉ་གང་དཔལ་གྱི་མ།།

ཏ་ལའི་འདབ་འདི་ཏ་རེ་སྒྲོལ་མ་བཞིན།།

ཐ་མི་དད་ཅིང་ཐ་མའི་མར་གྱུར་པ།།

ད་ནས་བཟུང་སྟེ་ད་ཀོ་འདི་སྐད་ཅེས།།

ན་རྒ་འཆི་ཞིང་ན་བའི་འཇིགས་སྐྱོབ་ཡིན།།

པ་བ་སངས་ཀྱི་པ་སྡེ་བཞི་བ་ལ།།

ཕ་དང་བླ་མའི་ཕ་རྒྱུད་སྲུང་མཁས་མ།།

བ་ལྟར་འཇམ་ཞིང་བ་མོས་འདོད་འཇོ་བ།།

མ་ལྟར་བརྩེ་བའི་མ་བུའི་འདང་ཅན་མ།།

ཙ་རི་གཉིས་པ་ཙ་ཡུས་ཡུལ་ནས་འཁྲུངས།།

ཚ་གྲང་འཐབ་ཅིང་ཚ་བའི་དཀའ་སྡུག་གང་།།

ཛ་དྲག་ཅི་ཡིན་ཛ་གད་རིགས་བསྒྱུར་སོགས།།

ཝ་ཁའི་ཆུ་བཞིན་ཝ་ལེར་ཤར་ནས་ཡོད།།

ཞ་ཆག་མེད་པར་ཞྭ་སེར་བསྟན་ལ་དད།།

ཟ་ཟི་མིན་པར་ཟ་བྱེད་མཁའ་འགྲོ་ཡིན།།

འ་འོ་ལ་སོགས་འ་ཆད་འུ་ཐུག་རུང་།།

ཡ་ཡའི་ངག་སྒྲོས་ཡ་རབས་རྒྱུན་སྲུང་ཡིན།།

ར་ལྟར་གུག་པའི་རྭ་ཅོ་ཡིན་ཡང་རུང་།།

ལ་ལུང་ས་ནས་ལ་མོ་བརྒྱུད་ནས་ཐོན།།

ཤ་རུས་གསེང་གི་ཤ་ཚའི་སྙིང་གི་གཏམ།།

ས་ཆེན་གཙུག་གི་ས་འདི་ཨ་མ་ཡིན།།

ཧ་ནི་ཧོན་ནེ་ཧ་ཧོ་མིན་པའི་འཕྲིན།།

ཨ་མ་བྲལ་ཞིང་ཨ་མར་ཞུ་བའི་མཆིད།།

ཧ་ལས་མིན་རུང་ཧ་ཅང་དྲན་པའི་མ།།

ཨ་མ་རྨིས་ནས་ཨ་མར་སྤྲིངས་པ་ལགས།།

  • ལེ་ཚན་སྔོན་མ།:ཕ་མའི་བཀའ་དྲིན་ལ་ཕུལ་བའི་ཆེ་བརྗོད་མེ་ཏོག་ཆུན་པོ།
  • ལེ་ཚན་རྗེས་མ།:དབྱངས་ཀྱི་ཟིལ་བ།