གསེར་རྟའི་བུ་མོ་ཞིག་ལ་འཕྲད་ཚུལ།

གངས་ཟེགས།        2020-07-29

དུང་སེམས་གཙང་མའི་ཟུར་མིག་མདའ་མོ། །

ཡིད་ཀྱི་སྙིང་ཆུང་དཀྱིལ་ལ་ཕོག་དུས།།

ཤ་དང་མཆིན་པའི་བར་གསེང་ཞིག་ནས།།

བརྩེ་བའི་ཁྲག་དམར་ས་ལ་ཟག་སོང་།།

ལས་དབང་རྟ་ཕོའི་བཙན་ཁ་རྒོད་པོས།།

སེམས་ཀྱི་འདུན་པ་ལ་ལུང་འཁྱེར་དུས།།

རྒྱུས་མེད་གསེར་རྟའི་བུ་མོ་ཞིག་ལ།།

དུང་བའི་སྙིང་གཏམ་འཕྲིན་པ་བསྐུར་ཡོད།།

ན་གཞོན་བརྩེ་བའི་བཟི་ཆང་མངར་མོ།།

འདང་བརྩེའི་ཤེལ་གྱི་ཕོར་བའི་ཁ་ནས།།

ཞེ་དང་སྙིང་གིས་ཧུབ་གང་བཏུང་ན།།

འཇིག་རྟེན་སྣང་བ་དུང་བས་བཟི་འགྲོ།།

སྲིད་པའི་སྤང་གཞུང་ཆུ་མོའི་འགྲན་ན།།

གཞོན་པའི་མཛའ་བརྩེ་མེ་ཏོག་བཞད་ཀྱང་།།

ཟུར་མིག་སེམས་ཀྱི་དན་རྟགས་ཡོན་པོ།།

གསེར་རྟ་ཆོས་ཀྱི་ཞིང་ལ་ཤོར་སོང་།།

མ་བཅོས་འོ་མའི་མདངས་དང་འདྲ་བའི།།

དུང་ཞེན་བསྲུབས་པའི་ཉིང་ཐིགས་དམར་པོ།།

མཛེས་ལྡན་གསེར་རྟའི་བུ་མོ་ཞིག་ལ།།

དམར་ཆུང་སྙིང་གི་དབུས་ནས་བྱིན་ཡོད།།

དབྱངས་གསལ་ངག་གི་གྲེ་འགྱུར་རྫོགས་ཤིང་།།

ཚོར་བའི་མེ་ལོང་གླུ་རུ་འགུགས་པའི།།

སྲོལ་རྒྱུན་དག་མའི་གཤིས་ཀ་དྲང་མོ།།

ད་དུང་ཁོ་བོའི་ཡིད་ལ་ཤར་སོང་།།

ལས་ཀྱི་སྲབ་ཁ་རླུང་གིས་བསྒྱུར་འདྲའི།།

སྲིད་པའི་བརྩེ་དུང་མེ་ཏོག་ཚལ་ནས།།

སེམས་ཀྱི་ཆར་རྒྱུན་ཁྱོད་ལ་འདྲེས་ཡོད།།

ཁྱོད་ཀྱི་ཟུར་མིག་ང་ལ་གནང་རོགས།།

  • ལེ་ཚན་སྔོན་མ།:གངས་དཀར་རི་བོའི་རང་མདངས་ལ་བསྔགས་པ།
  • ལེ་ཚན་རྗེས་མ།:ཕ་མའི་བཀའ་དྲིན་ལ་ཕུལ་བའི་ཆེ་བརྗོད་མེ་ཏོག་ཆུན་པོ།