ཀ་རྩོམ་དབྱངས་ཀྱི་མཆོད་པ།

འཛུམ་བརྩེ་འཚོལ།        2020-07-17

ཀ་དག་སྤྲོས་བྲལ་བདེ་སྟོང་ཆོས་ཀྱི་དབྱིངས།།

ཁ་དོག་མཛེས་སྡུག་ལང་ཚོའི་གཟུགས་འཆང་མ།།

ག་བུར་ཇི་བཞིན་ཤེས་རབ་བདུད་རྩིའི་རྒྱུན།།

ང་ཅག་རྣམས་ལ་ཕངས་མེད་ལེགས་པར་སྩོལ།།

ཅ་ཅོའི་གཏམ་མང་མེད་པར་ཏིང་འཛིན་བརྟན།།

ཆ་བྱད་འཆི་མེད་བུ་མོའི་རྣམ་པར་བཞད།།

ཇ་སོགས་འདོད་ཡོན་གང་ལ་མི་སྲེད་ཅིང་།།

ཉ་གང་ཟླ་བའི་སྲིང་མོ་ཁྱེད་མིན་སུ།།

ཏ་ལའི་འདབ་ལྟར་རྒྱས་མཛད་དབྱངས་ལྡན་མ།།

ཐ་སྙད་དོན་དམ་ཤེས་བྱའི་ཆོས་ཚུལ་མཁྱེན།།

ད་དུང་འགྲོ་ལ་བྱམས་བརྩེའི་ཉི་གཞོན་འཛུམ།།

ན་ཆུང་ལྷ་མོ་རྒྱལ་ཡུམ་འཕགས་མར་འདུད།།

པ་སངས་ལྟར་དཀར་རབ་མཛེས་ལྷག་པའི་ལྷ།།

ཕ་རོལ་འགྲོ་རྣམས་འདྲེན་པའི་བདག་ཉིད་ཆེ།།

བ་བྱུང་འོ་མའི་མདང་འཛིན་བྱམས་ལྡན་མ།།

མ་ལྟར་བརྩེ་བས་གཟིགས་ཤིག་ལྷ་མོ་ཀྱེ།།

ཙ་རིའི་སྨྱུག་མ་ལས་ཀྱང་སྐུ་གཟུགས་མཉེན།།

ཚ་ཟེར་ཉི་མའི་འོད་མདངས་ལྷག་པར་བཅོམ།།

ཛ་ཡི་རྒྱལ་བསྟན་འཛིན་ལ་མཆོག་ཏུ་དཔའ།།

ཝ་སྐྱེས་གཡོ་ཟོལ་མེད་པའི་མཚན་སྙན་རྒྱས།།

ཞྭ་ལྟར་གཙིག་ཏུ་བཀུར་བའི་འདྲེན་པ་མཆོག།

ཟ་ཟིའི་འདོད་པའི་ཆགས་པ་ཀུན་སྤངས་ཤིང་།།

འ་འུར་འཁོར་བའི་ལམ་ལ་མ་ཞུགས་པར།།

ཡ་བྲལ་ཕྱོགས་ལྷུང་མེད་པ་ངོ་མཚར་ཆེ།།

ར་བ་གངས་རིའི་མགོན་གཅིག་ཚངས་སྲས་མ།།

ལ་འུར་དབྱངས་ཀྱི་སྙན་འཇེབས་སྟོང་ལྡན་མ།།

ཤ་ཚའི་སྙིང་གཏམ་སྟོང་གི་མངའ་བདག་མ།།

ས་གསུམ་སྙན་པའི་དབྱངས་ལྡན་མཚོ་བྱུང་མ།།

ཧ་ཅང་ཡིད་འོང་རབ་མཛེས་རྫོགས་པའི་སྐུ།།

ཨ་དོན་སྐྱེ་མེད་སྙན་འཇེབས་དབྱངས་ཀྱི་གསུང་།།

ཧ་ལམ་འགེགས་པ་མེད་པའི་ཡེ་ཤེས་ཐུགས།།

ཨ་ཧོ་སྲིད་གསུམ་འདྲེན་པའི་བདག་ཉིད་ཆེ།།

  • ལེ་ཚན་སྔོན་མ།:སང་ཉིན་དུས་ཐོག་ཏུ་འཆར་སྲིད་དམ།
  • ལེ་ཚན་རྗེས་མ།:ཆུ་ཐོག་ཟམ་པ།