གློ་བུར་གྱི་ཚོར་བ།

འབའ་ར་འབྱུང་ཆོས།        2020-05-27

ཆུ་འཛིན་ཕོ་ཉ་ས་གཞི་ལ།།

ཤག་ཤག་སྙན་དབྱངས་ཚིག་གསུམ་ལེན།།

ནེའུ་གསེང་གཡུ་མདོག་ཕ་ཡུལ་ལ།།

མེ་ཏོག་སྟོང་གི་མཆོད་པ་མཆོད།།

དབྱར་ཁའི་ནམ་མཁའི་ཕོ་ཉ་དེས།།

ཕ་ཡུལ་ས་ལ་དར་དཀར་སྦྱིན།།

དར་དཀར་དུང་གི་ཕྲེང་བ་དེས།།

རི་ལུང་ཀུན་ལ་བྲོ་གར་འཆམ།།

བྲོ་གར་མཛེས་ཀྱི་ཉམས་ངོམ་ནས།།

སྙན་མོ་ངག་གི་གསུང་སྐད་ཐོས།།

རི་མགོ་མཁའ་ཡི་མཚམས་སྤྲིན་བར།།

ཚོན་མདོག་ལྔ་ཡི་འཇའ་ཚོན་བཀྲ།།

ཟམ་འོག་ཆར་གྱི་ཆབ་སྒྲ་དེས།།

ལམ་འགྲམ་མཚམས་ཀྱི་རྩྭ་སྔོ་ལ།།

གཉིད་སད་བརྡ་ཡི་ཅོང་བརྡ་བསྒྲགས།།

ཁྱོད་ནི་ནོར་གྱི་སྙིང་བཅུད་ཡིན།།

ཤར་ཕྱོགས་མཁའ་ལ་འོད་ཟེར་འཕྲོས།།

མེ་ཏོག་དྲི་ཞིམ་མཁའ་ལ་ལྡང་།།

ནེའུ་གསེང་མུ་ཏིག་ཕྲེང་བ་དེས།།

རྩྭ་སྔོའི་ཟིལ་ཆུ་ཅི་ལ་མིན།།

སེམས་པ་ལྷོད་སའི་གནས་མཆོག་ནི།།

ས་མཐའ་གང་ལ་བགྲོད་ན་ཡང་།།

སྙིང་ཁའི་ཁྲོད་ན་ཇེ་གསལ་རེད།།

ཤ་ཚ་མིའི་སྡུག་གླུ་ལེན་ས།།


  • ལེ་ཚན་སྔོན་མ།:ཡུན་རིང་གི་རྗེས་སུ།
  • ལེ་ཚན་རྗེས་མ།:ཁྱེད།