པོད་དཀར་པོ། 2020-04-03
མཁར་རྫོང་མཐོན་པོའི་རྩིག་པར།
རྨི་ལམ་གྱི་ཁ་ཏས་ཚང་བཟོས།
མི་དེ། མེ་ལོང་གི་ཕ་རོལ་ན།
རི་བོ་དེའི་ཚུལ་རོལ་ན།
ཀ་གདུང་མེད་པའི་རྡོ་ཁང་གྲུ་བཞིའི་ནང་།
སུ་ཞིག་གིས་གློ་མཆིན་བརྡར་ཞིང་།
རླངས་པ་ཐོལ་ཐོལ་གྱི་ཁ་ཟས་བསླངས།
ཟུམ་པར་དཀའ་བའི་མིག་སྐྱིབས་མཐའི་དངུལ་གྱི་ལོ་མ།
དུས་ཚིགས་འདིའི་རླུང་ནང་གི་རྡུལ་གྱི་ས་བོན་བཞིན།
ལྕུག་ཕྲན་ལྡེམ་ལྡེམ་གྱི་ལྗང་ལོའི་རྩེ་རུ་འཕྱོ།
རྨི་ལམ་ནི་རྫོགས་མཐའ་མེད་པའི་ལམ་གྱི་ཉི་འོད།
ཉི་འོད་ལམ་ལམ་འཚེར་བའི་འབྲོག་སྡེའི་རྩྭ་ཐང་།
སྦྲ་ནང་དྲོད་ཀྱིས་ཁེངས་པའི་ཐབ་ཀྱི་མེ་ལྕེ།
ཕ་མར་འོ་ཇ་འདྲེན་པའི་བོད་ཀྱི་བུ་མོ།
གཡང་དཀར་ལུག་ཁྱུའི་མཐའ་ན་འཇོལ་ལེ་འཇོལ་ལེ།
འཛུམ་དཀར་པད་མ་གྲོལ་འདྲའི་མཆུ་ཡི་འདབ་མར།
འབྲི་མོའི་འོ་དྲི་མངར་མོ་ཐ་ལི་ཐུལ་ལེ།
གནའ་གཏམ་ཉན་པར་སྤྲོ་བའི་བོད་ཀྱི་བྱིས་པ།
སྐར་མ་ཚབ་ཚུབ་ཤར་རིའི་རྩེ་ནས་འཕུར་ཡོང་།
སྲུང་སྐུད་དར་གྱི་མདུད་པས་དམ་ལ་བཏགས་པའི།
ཤིང་ཕོར་མགོ་བསེད་ཅན་པོ་སྙིང་རྩར་བརྡབས་པའི།
ཡིད་ལ་ཡོད་ཡོད་འདྲ་ཡང་མེད་པར་སྣང་བའི།
ཚོར་བའི་ལྡེམ་ཤུགས་སྣ་ཚོགས།
མངོན་ལྐོག་གཉིས་ཀྱི་བར་ན།
ཉིན་མོར་སྤྲིན་དཀར་ཐར་ཐོར།
མཚན་མོར་ཆར་ནག་རྡོག་རྡོག
མདང་ནུབ་རྨི་ལམ་ཇི་བཞིན།
སྐྱ་ཐེར་ཐེར་གྱི་བྱང་ཐང་ངམ།
སྐྱོ་ལྷང་ལྷང་གི་གར་སྟེགས་འདི།
སུ་ཞིག་གིས་ང་ལ་བཞག་པའི།
གྱང་ངོས་ཀྱི་དུས་ཚོད་རལ་བོ་ལྟར།
ཁྲོག་ཁྲོག་ཏུ་འཁོར་ཞིང་ཆག་གམ།
རྨི་ལམ་བོར་བའི་མཚན་མོ་གྲངས་མེད་ལ།
གློག་ཆད་པས་རྣམ་ཤེས་བོར་བ་ལྟར།
ཐོག་བརྒྱབ་སྟེ་སྲོག་སྐུད་ཆད་པ་ལྟར།
ཁང་ཀླད་ཀྱི་གནམ་ཁུང་བརྡིབས་ཏེ།
བསམ་མེད་གྱི་རྒན་པོ་འགྱེལ་ཏེ།
ཡུལ་གྱར་བའི་མགྲོན་པོ་སུ་དང་གང་།
ལོ་དང་ཟླ་བ་སྟོང་ནས།
སེམས་དང་བསམ་པར་འགལ་ནས།
འཁྱག་ཤིད་ཤིད་ཀྱི་རྐང་ལག་འདར་སིག་སིག
གངས་དཀར་སྔུན་དུ་ཡུན་གྱིས་བརྐྱངས་རུང་།
སྣོད་བཅུད་ཆགས་ཀྱང་འཇིག་ལ་འཇིག་ཀྱང་ཆགས།
རྨི་ལམ་ལ་གཤོག་པ་ཐོགས་ན།
འཇིག་རྟེན་གྱི་མཁའ་དབྱིངས་སུ་སྤུར་འདོད།
འཚོ་བ་ནི་རི་རྩེ་རུ་འགྲེང་བའི་དར་ལྕོག་བཞིན།
འཛིན་རྒྱུ་མེད་པའི་རླུང་ཁ་རུ་ཟད་པར་བྱ།
རྩོམ་གསར། 10