མཚན་གུང་དེར།

ཤ་ཚ།        2017-04-01

མཚན་གུང་དེར།

འོད་སྣང་གི་མིག་ཟུང་མེད་པས།

མྱ་ངམ་ལྟ་བུའི་སྨག་རུམ་གྱི་གཞི་དཀྱིལ་ན།

རྐུན་ཇག་གི་འདུ་ར་འཚོག་བཞིན།

མི་རབས་མང་པོར་བསྐྱངས་པའི་ཁྱད་ནོར།

སྣུམ་ཟད་ཀྱི་མར་མེའི་ཁ་ཞབས་ན་བླ་རྩ་འདར།

མཚན་མོ་དེར།

ལམ་སྟོན་གྱི་འོད་མདངས་དབེན་པས།

བར་དོ་ལྟ་བུའི་མུན་པ་ཡི་འཇིག་རྟེན་ན།

བསླུ་བྲིད་ཀྱི་གློག་སྒྲོན་དག་འོད་དུ་འཚེར་ཅིང་།

ཆང་རག་གི་བཟི་ཁར་འཐམས་པའི་སྐྱེ་བོ་ཚོས།

སྨྲེང་གླུ་ལྟ་བུའི་ཁ་གཡང་བཟློས།

མཚན་གུང་དེར།

དྲོ་སྐྱིད་ཀྱི་ཉི་མ་མེད་པས།

ལུས་ཟུངས་ཟད་པའི་རྒན་པོའི་སྙིང་རྩ་ན།

གྲང་རེག་གི་བཙན་གནོད་མང་།

རེ་བས་བསྐྱངས་པའི་མྱུ་གུའི་མཐའ་འཁོར་ན།

སད་འཁྱགས་ཀྱི་གནོད་པ་ཆེ།

མཚན་གུང་དེར།

བསམ་གཞིགས་དང་ན་ཟུག་མང་།

རྐུན་པོ་དང་ཁྲམ་པ་མང་།

་་་་་་་་་་།


  • ལེ་ཚན་སྔོན་མ།:པོ་ཏ་ལར་སྐྱོད་པ།
  • ལེ་ཚན་རྗེས་མ།:ལས་དབང་གཅིག་པ།