བྲན། 2020-01-02
གང་གི་མཁྱེན་པའི་ཆ་ཤས་ལ།།
གློ་བུར་གློག་གི་རླབས་ལུད་པས།།
བརྩེ་བའི་ཤས་ཀྱི་ཆུ་རྡུལ་ནི།།
ལུས་མེད་ཚོགས་ཀྱི་སྙིང་ལ་འཕྱ།།
རེ་བའི་ཁྱུང་གཤོག་མཁར་བརྐྱངས་ཏེ།།
ཤེས་རིག་འབུམ་གྱི་ན་དར་བའི།།
ལྷོ་ཕྱོགས་ནགས་མའི་སྐྱེད་ཚལ་ལ།།
འཕུར་གང་སྲིད་པའི་མཐོངས་སུ་བྲེས།།
ལུས་ཀྱི་ལྗོན་པའི་དཔག་བསམ་ཤིང་།།
མ་ལ་ཡ་ཡི་ནགས་ཀློང་ནས།།
རང་གི་བྱམས་པའི་དྲི་བཟང་སྟོང་།།
ཁྲིད་དེ་སེམས་ཀྱི་ཕུགས་སུ་ཐོན།།
དེའི་ཚེ་སྐལ་བཟང་ཆོས་སྙན་གྱི།།
མཛའ་ན་མོ་དེར་རབ་སྲེད་པའི།།
དྲི་བཅས་སེམས་པ་གློ་བུར་བས།།
རྟོག་འགྱུའི་ལམ་གྱི་སྣེ་མོ་རྙེད།།
དུངས་པ་འཇའ་ཚོན་སྣ་ལྔའི་གཞུ།།
ཆོས་ཉིད་དབྱངས་ལ་བརྒྱུས་པའི་དཔུང་།།
རང་གི་འདུ་བྱེད་འཁྱུག་ལས་སྤུར།།
རྣམ་རྟོག་ན་བུན་འཁྲིགས་པ་ལས།།
རི་བོ་འགུལ་བའི་སྐེད་པ་ལ།།
འཁྱུད་པའི་ཚེ་ཡི་འཇའ་རིས་གང་།།
སེམས་ཀྱི་ཐིགས་པའི་ཟེགས་མར་འཁྲུལ།།
ལས་མཁན་གང་གི་དཔྱོད་མིག་ལས།།
རང་ལ་ཐོབ་པའི་རེ་ཁཱའི་དཔལ།།
སྐལ་བཟང་དུང་གི་ལང་ཚོ་མར།།
ཆགས་པ་བཞིན་ནམ་འཕྱང་མོ་ཉུག།
ངག་རིག་སྦྲང་རྩིའི་རོ་མཆོག་ལ།།
སྲེད་པའི་རྐང་གཉིས་གཞོན་ནུ་མས།།
དབྱངས་སྙན་དར་དིར་སྒྲོགས་པ་ལས།།
སེམས་པར་དབྱར་གཞུང་ཚེས་པ་དྲན།།
རྟོག་འགྱུ་ཡོན་པོའི་ལམ་སྣེ་ནས།།
རི་མོ་ག་ཙམ་མཐོང་བས་ཚེ།།
ཚེ་དཀར་ལྗོན་པའི་ཤིང་ལོ་ཚོགས།།
འགུལ་ལས་འདི་ཙམ་འབྲི་དགོས་བྱུང་།།
མི་རྟག་སྒྱུ་མའི་འཇིག་རྟེན་ལ།།
སྐྱེས་པའི་དོན་ནི་མ་ངེས་ཀྱང་།།
དབྱངས་གསལ་སོ་བཞིའི་ངུར་སྨྲིག་གོས།།
གྱོན་པའི་ལས་ནི་སུ་ཡིས་བྱས།།
ཀྱེ་མ་སྐྱེ་འཆི་སྐད་ཅིག་མའི།།
རླུང་བུ་གང་སར་ལྡང་བའི་ཚེ།།
གཤེད་མའི་དྲུང་ནི་སྙེགས་པ་བཞིན།།
བགྲོད་ལ་སུ་ཞིག་མི་སྐྲག་གམ།།
སྙིང་གི་ཁང་བཟང་དགའ་ཚལ་མར།།
ཞེན་པའི་ནང་སེམས་རི་མོ་གང་།།
བྱམས་དང་བརྩེ་བའི་བཞེངས་མཁན་དེར།།
རིང་ནས་གུས་ཕྱག་འཚལ་ལོ་སྐད།།
ཨེ་མ་རང་བྱུང་ཆུ་མོའི་འགྲོས།།
སྙན་ལས་ལྷིང་འཇགས་ཞི་བའི་གྲོང་།།
སྙེགས་པའི་བུས་པ་གཞོན་ནུ་དེར།།
ཡུལ་གྱིས་སྐལ་འདི་ཅི་ཞིག་ལགས།།
རྩོམ་གསར། 10