ལོ་ཟླ་བསུ་བར་སྐུལ་བ།

དཀར་ལུང་པདྨ་རྡོ་རྗེ།        2016-12-20

འཁྱགས་དར་སྦུབས་སུ་བག་ལ་ཞ་བའི་བདག་གི་གཙང་ཆབ་སྔོན་མོ་ལགས།།

ལོ་ཟླའི་ཕྲེང་བ་སེམས་སུ་ཉར་ཏེ་འདས་པའི་གཏམ་ལ་ཉན་འདོད་ན།།

འཁུན་སྒྲ་དོད་པའི་རྨ་ཁ་ལྕི་མོ་སྙིང་སྟོབས་མཚོན་གྱི་ཆར་སྤྲུལ་ནས།།

གངས་ཀྱི་རང་མདངས་མཛེས་པར་མངོན་པར་དྭངས་གཙང་མཆོད་པའི་ཆབ་ཕུད་ཅིག།

དུས་ཚིགས་མདངས་ཀྱིས་མཐའ་རུ་གཅུན་ཞིང་རྒ་ཚིག་མངོན་པའི་ལྗོན་པ་ལགས།།

ཙག་དང་རླུང་གིས་ན་ཟུག་བསླངས་བའི་ལོ་ཟླ་རིང་མོ་ཐེག་དཀའ་ན།།

དཔྱིད་ཀྱི་ཕོ་ཉའི་རང་མདངས་མངོན་སའི་ལྷོ་ཕྱོགས་རྒྱ་མཚོའི་མཐར་ཆས་ནས།།

ལྗང་ལོ་གསར་བའི་མྱུ་གུ་འབུས་པར་རེ་བའི་མིག་ཟུང་ཀེམ་དང་ཆོག།

ལྡེམ་མྱུར་གཤོག་ཟུང་མཁའ་རུ་བསྒྱུར་བའི་བདག་གི་ཁྲུང་ཁྲུང་དཀར་མོ་ལགས།།

དུས་བཞིའི་རེས་མོས་བསྐྱར་དུ་འཁོར་བའི་དྲོད་གྲང་འགྱུར་བ་བཟོད་དཀའ་ན།།

བསྟར་ཕྲེང་འགྲིག་པའི་རུ་དཔུང་དག་གིས་མཁའ་དབྱིངས་མཐོན་པོའི་མཐའ་བརྟོལ་ཏེ།།

བདེ་ལྡན་ཞིང་གི་ལོངས་སྤྱོད་རོལ་བར་སེམས་ཀྱིས་འབད་ན་ཅིས་མི་ཆོག།

སྔོ་བསངས་མཐའ་རུ་དལ་བུར་ལྡང་བའི་བདག་གི་སྤྲིན་དཀར་ཕོན་པོ་ལགས།།

ནོར་འཛིན་བུ་མོའི་སྒེག་ཉམས་ལ་འཁྲེང་སེམས་ཀྱི་འགྲོ་བའི་བསོད་ནམས་རྒྱས་འདོད་ན།།

གངས་རི་དཀར་པོའི་དབུ་རྩེ་ལས་ཆས་གོ་ལ་ཟླུམ་པོའི་ཡང་རྩེ་རུ།།

ཁྱོད་ཞལ་པདྨའི་འཛུམ་ཞལ་མངོན་བཞིན་འགྲོ་བར་དུས་སུ་ལྡང་བར་ཀྱེ།།


  • ལེ་ཚན་སྔོན་མ།:གཅེས་པར་བཟུང་།
  • ལེ་ཚན་རྗེས་མ།:གསོལ་འདེབས་དད་པའི་སྒྲ་དབྱངས།