མི་ཚེ།

ཁ་བའི་ལང་ཚོ།        2016-12-08

སྐྱེ་བ་མི་རུ་བླངས་པའི་གོ་སྐབས་འདིར། 

མི་རིགས་བོད་དུ་སྐྱེས་པའི་སྐལ་བ་བཟང་། 

མི་དང་མི་ཡི་བར་གྱི་བརྩེ་བ་ལས། 

མི་ནས་མི་རུ་བརྒྱུད་པའི་ཕ་མེས་དྲན། 

ལས་དང་སྨོན་ལམ་བཟང་པོའི་འབྲས་བུ་ལས། 

ལམ་དང་ཁ་ཕྱོགས་བཟང་བའི་ཁོར་ཡུག་ཏུ། 

མི་ཚེའི་སྙིང་པོ་ལོན་མིན་ཅི་རིགས་ཀྱང་། 

མི་ཚེ་དཔལ་འབྱོར་ཁོ་ནས་ཟད་འདི་སྐྱོ། 

མི་ཚེའི་ཡུན་ཚད་རིང་ཐུང་ཅི་རིགས་ཀྱང་། 

མི་ཡུལ་ལན་གཅིག་འགྲིམ་པའི་གོ་སྐབས་ལ། 

མི་ཟས་ཟ་བཞིན་མི་སྐད་སྨྲ་མཁན་དེ། 

མི་ཡུལ་འདི་ནས་མཐོང་པ་རེ་གཉིས་ཙམ། 

མི་ཚེའི་རིན་ཐང་མི་ཡི་ཀུན་སྤྱོད་སོགས། 

མི་བུ་ཞིག་ལ་དགོས་པའི་ཆ་རྐྱེན་དེ། 

འཛོམས་མིན་རྒྱུ་རྐྱེན་ཅི་འདྲ་ཡོད་ནའང་། 

མི་ཡི་རིགས་འདི་མི་ཡིས་གང་བྱས་མཐོང་། 

མི་ལུས་དལ་འབྱོར་རྙེད་དཀའ་ཡིན་པ་གོ  

མེས་པོ་བཀའ་དྲིན་ཅན་གྱི་མཛད་རྗེས་མཐོང་། 

མི་ཡིས་མི་ལ་བཤད་པའི་སྐད་ཆ་དག 

བསྡོམས་ན་མི་ཚེའི་ལམ་བུ་ཀྱག་ཀྱོག་ཟེར། 

མི་ཡི་བྱ་སྤྱོད་དུས་ཀྱི་བཀོད་སྒྲིག་བྱེད། 

བྱ་བ་སྤྱོད་པ་ཡག་ཉེས་ཅི་ཡིན་རུང་། 

དུས་དང་བསྟུན་ནས་མི་རེ་བྱ་བ་རེ། 

མདོར་ན་མ་ཤི་བར་དུ་བྲེལ་ཚུབ་ཆེ། 

ལོ་ན་ཆུང་དུས་ཆེན་པོ་སྐྱིད་སྣང་མཐོང་། 

ཆེན་པོ་ཆགས་དུས་ཆུང་དུས་སྐྱིད་པ་ཚོར། 

བལྟས་བལྟས་མཐོང་མཐོང་ངང་ནས་འགྲོ་ལུགས་འདི། 

ཧ་ལམ་འགྲོ་བ་མི་ཡི་མི་ཚེ་འདྲ། 


  • ལེ་ཚན་སྔོན་མ།:ཕ་སྐད་ཤོད། བོད་ཡིག་སྦྱོངས།
  • ལེ་ཚན་རྗེས་མ།:འགྱོད་གདུང་།