ཕ་སྐད་ཤོད། བོད་ཡིག་སྦྱོངས།

རང་སྣང་།        2016-12-06

སྐད་ཡི་གེར་བཅངས་པའི་ལྷག་བསམ་དང་།།

རིགས་འདི་ལ་ཞེན་པའི་ལ་རྒྱ་ཡིས།།

དུས་དེ་རིང་སྒྲོབ་བཤད་ཚིག་གསུམ་ཙམ།།

ཁྱེད་མི་བུར་བཤད་ཀྱི་ཁྲོ་མ་ལང་།།

བོད་གངས་རིས་བསྐོར་བའི་ཡུལ་ཁམས་འདིའི།།

ཕ་མེས་པོས་བཞག་པའི་འཕགས་ནོར་ཞེས།།

དུས་དེང་སང་སྤྱད་བྱའི་སྐད་ཡིག་དེ།།

ཆེ་འཛམ་གླིང་སྔོན་ཐོན་སྐད་ཡིག་ལགས།།

ཚིག་ཚོར་ཞིང་ན་སོ་མི་འདྲ་བར།།

བབ་བསྟུན་གྱི་ཞེ་ཚིག་འཛད་མེད་དེར།།

ཁོང་སྐྲ་སེར་སྐྱེ་བོའི་མཐེ་བོང་ཡང་།།

མཐོ་གནམ་ལ་བསྒྲེངས་ནས་ཡིད་སྨོན་བྱེད།།

སྡུག་ངལ་བརྒྱ་ཕྲག་ཏུ་རབ་བཏེགས་ནས།།

ངེད་བོད་པའི་སྐད་ཆ་བསླབ་ཆེད་དུ།།

རང་ཕ་ས་སྐྱུར་མཁན་ཕྱི་གླིང་ཚོའི།།

ལས་གནང་སྟངས་ཁྱོད་ཚོས་མི་མཐོང་ངམ།།

མིག་ལྟོས་དང་འོ་སྐོལ་བོད་པ་ནི།།

སྐད་ཕུང་གསུམ་ལབ་ནས་བླ་འཚོང་བཞིན།།

གཞན་སྐད་ལ་དང་ཞེན་ཆེ་མདོག་གིས།།

རང་ཕ་སྐད་དུཿཁའི་གཞོགས་སུ་བསྐྱལ།།

རྣ་ཉོན་དང་འུ་ཅག་བོད་པ་ནི།།

ཞེ་འགལ་བའི་སྐྱབས་འགྲོ་རྐང་རིལ་དང་།།

སྐད་འདྲེས་མའི་བབ་ཅོལ་ཁོ་ན་ཡིས།།

ཡུལ་ཕུ་མདའ་སྐད་ཀྱིས་རྒྱོངས་ལ་ལྟོས།།

དྲིན་ཐོན་མིའི་རྣམ་དཔྱོད་རྩལ་ལས་གྲུབ།།

ཁྱུང་གཡུ་ཁྲིའི་ཕྱག་རྒྱུན་ཡི་གེའི་གཟུགས།།

འཁྱུག་དབུ་ཆེན་འབྲུ་ཚ་ཚུགས་མ་སོགས།།

ཟིལ་རྔམ་བརྗིད་གཟུགས་རིས་འདི་ན་གདའ།།

གཟུགས་རེ་རེའི་སྟེང་ན་ངོ་བོ་རེ།།

ཆོས་ངོ་བོ་མ་འདྲེས་ཤར་རེར་རྒྱུགས།།

གཟུགས་མི་གཅིག་ནང་དོན་ཐ་དད་སོང་།།

དྲིན་ཆེ་འོ་བརྡ་སྤྲོད་དག་ཆའི་ཡིག 

དུས་དེང་སང་ཡ་གིའི་ལས་ཁུངས་ནས།།

སྒེར་སློབ་མའི་བར་གྱི་ཡིག་གཟུགས་དང་།།

གཞུང་དག་ཆའི་ཐོག་ལ་བལྟས་པའི་ཚེ།།

ང་རང་སྣང་སྐྱོ་ཞིང་སྐྱུག་མེར་ལྡང་།།

ཁྱོད་ལྟོས་དང་ལས་ཁུངས་སྒོ་བྱང་ནས།།

ཚོང་བརྡ་ཁྱབ་འབྱར་བྱང་ཡི་གེའི་བར།།

ལྷད་ཤོར་བའི་དག་ནོར་རྩིས་ཟེར་ན།།

གངས་ཁ་བའི་རྡུལ་དང་མཉམ་པ་ཙམ།།

སྐྱོ་ང་ཡི་མི་རིགས་སྐད་ཡིག་འདི།།

ཐང་རླུང་ཆེན་ཁྲོད་ཀྱི་མར་མེ་འདྲ།།

ཅི་ནུས་ཀྱི་ལས་ཞིག་མ་བསྒྲུབ་ན།།

བློ་འགྱོད་པས་ཟིན་དུས་ཨ་ཁ་ཁ།།


  • ལེ་ཚན་སྔོན་མ།:ལེགས་བཤད་རིན་པོ་ཆེའི་གཏེར།
  • ལེ་ཚན་རྗེས་མ།:མི་ཚེ།