བོད་ཀྱི་སྣོད་བཅུད་ཀྱི་ཆེ་བ་བརྗོད་པ།

དུང་ཞེན་ཉི་མ།        2019-04-01

ལང་ལོང་སྤྲིན་དཀར་འདབ་མ་ལྷབ་ལྷུབ་དབྱིངས་སུ་འཁྲིགས་ཤིང་།།

མཐོ་བརྗིད་རི་ཡི་རྩེ་མོ་སྟོང་ཆེན་མཁའ་རུ་ཟུག་ལ།།

དཀར་ཡག་གངས་ཀྱི་ལྭ་བ་རྟག་བརྟན་རྒྱན་དུ་འཆང་བའི།།

ས་གཙང་གནས་ཀྱི་བཀོད་པ་མི་འགྱུར་དང་དུ་བླངས་སོ།།

དབྱར་ལ་སྣ་བརྒྱའི་མེ་ཏོག་མགོ་ལྕོག་ལྡེམ་ལྡེམ་བཞད་ཅིང་།།

དགུན་ལ་ལྷུན་པོའི་གོས་དཀར་ཆུ་བོ་དར་གྱིས་བཟུང་བའི།།

སྟོན་ལ་འབྲས་བུ་ལྕི་བའི་ཤིང་ལོ་མགོ་བོ་དུད་ལ།།

དཔྱིད་ལ་རྩ་རྩི་ལོ་མའི་རྩེ་མོ་མཁའ་ལ་འཕགས་སོང་།།

སྟོད་ཀྱི་རྫ་ལུང་རི་ལུང་ཤྭ་འབྲོང་རྩེད་གར་འཁྲབ་ཅིང་།།

བར་གྱི་སྤང་ཐང་ཡངས་པོར་དྲེལ་རྐྱང་འཆོང་རྒྱུག་ངོམས་ལ།།

འདབས་ཀྱི་ནགས་ཀློང་ཕྱུག་མོར་བྱ་བྱེའུས་སྐད་སྙན་སྒྲོག་པའི།།

མཐོ་སྒང་གནས་ཀྱི་བཀོད་པའི་མཛེས་ཉམས་ཡིད་དུ་འོང་བ།།

རྫ་སྤང་བྲག་གི་གཤམ་དང་མཐའ་ཡས་རྩྭ་ཐང་ཡངས་པོ།།

དྭངས་གཙང་རྫ་ཆུ་བཞུར་བའི་འབྲས་ལྡན་ནགས་ཚལ་ཉེར་འཁོར།།

གུ་ཡངས་ས་བཅུད་འཛོམས་པའི་རི་ལུང་བདག་ཏུ་བཟུང་ནས།།

དྲོད་ཁོལ་འབར་བའི་གནས་སུ་དགའ་སྤྲོའི་འཚོ་བར་རོལ་སོང་།།

བསིལ་རླུང་འཇམ་པོས་བསྐྱོད་པའི་རི་ལུང་ཁོད་སྙོམས་གནས་སུ།།

ཐབས་མཁས་རིག་པའི་སྟོབས་ཀྱིས་ས་རྡོས་རྭ་བ་བརྩེགས་ཏེ།།

རབ་སྟུག་ནགས་ཀློང་ཚལ་གྱི་སྐྱེ་ཤིང་ལོ་མ་བྲེགས་ཤིང་།།

དུས་ཀྱི་ཚ་གྲང་འགོག་པའི་ཁྱིམ་གྱི་བཀོད་པ་བཞེངས་སོང་།།

རྩི་ཤིང་མེ་ཏོག་བཞད་པའི་ཡངས་པའི་རྩྭ་ཐང་སྟེང་དུ།།

མཐིང་སྨུག་སྦྲ་ནག་གྲུ་བཞི་མཛེས་ཉམས་དོད་པོ་དབུབ་ཅིང་།།

ཡིད་འོང་སྦྲ་མཐའི་བུ་མོས་བཞོ་དབྱངས་སིམ་སིམ་ལེན་ལ།།

དུད་སྤྲིན་དགུང་དང་འདྲེས་པའི་འབྲོག་སྡེའི་འཚོ་བར་རོལ་སོང་།།

དགོས་ངེས་དོན་ཆེན་བསྒྲུབ་པའི་འདུན་པ་ཡིད་ལ་འཁོར་ཞིང་།།

རི་ལུང་ཡུལ་གྲུ་ཀུན་ཏུ་ཉམས་ཀྱིས་ཕྱོགས་ཀུན་འགྲིམ་ནས།།

མི་ཡི་མགོན་དུ་གྱུར་པའི་འཚོ་རྐྱེན་ཐབས་ཀྱིས་བསྒྲུབས་ཏེ།།

དམིགས་འདུན་ཆུ་ལས་རིང་བའི་མི་རབས་ཁྱིམ་གཞིས་བསྐྲུན་སོང་།།

སྙིང་སྟོབས་ལྕགས་ཀྱི་གོང་བུ་འགྱུར་མེད་རྒྱན་དུ་བླངས་ནས།།

ས་ཆེན་གཙུག་གི་མཐིལ་དུ་མཁར་གྱི་ཀ་ཆེན་བསྒྲེངས་ཤིང་།།

ཕྱོགས་བཞིའི་མཐའ་མཚམས་ཀུན་ཏུ་སྲ་བརྟན་རྡོ་རིང་བསླངས་ཏེ།།

འགྲན་མེད་དཔལ་རྩལ་ངར་མས་ས་ཆེན་བཙན་གྱིས་བཟུང་སོང་།།

རྒྱང་རིང་ཡུལ་ཁམས་གཞན་གྱི་ཁྱད་ནོར་རིག་པའི་གཞུང་ལུགས།།

རི་ལུང་འདམ་གྱིས་འཇལ་ཏེ་ལུས་སྲོག་འཛེམ་མེད་ངང་གིས།།

རྨ་མེད་དར་སྤེལ་མཛད་པས་གྲུབ་འབྲས་བླ་ན་མཐོ་བས།།

འཛམ་གླིང་ཡུལ་གྲུ་ཀུན་ཏུ་སྙན་པའི་རྒྱ་རྔ་བརྡུངས་སོང་།།

རྣམ་དཔྱོད་བློ་རིག་འཛོམས་པའི་ངེས་དོན་བོད་ཀྱི་དཔའ་བོ།།

མི་དབང་རྒྱལ་མཆོག་བཀའ་ལྟར་ཆོས་སྲིད་རིག་གནས་སླད་དུ།།

རི་ཆུ་འབུམ་གྱིས་ཆོད་ཀྱང་ངལ་བ་དང་དུ་བླངས་ནས།།

ཐག་རིང་འཕགས་པའི་ཡུལ་དུ་གོམ་པས་ཡུན་གྱིས་བགྲོད་སོང་།།

ཡངས་པའི་གྲོང་ཆེན་དག་ཏུ་དཀའ་ཚེགས་གདོང་ལ་གྱོན་ཏེ།།

ཕུགས་འདུན་དོན་ཆེན་སླད་དུ་མཁས་པའི་མདུན་སར་གཅར་ནས།།

སྒྲ་སྙན་རིག་པའི་གནས་ལ་བརྩོན་པས་རྒྱལ་སར་བཟུང་ཞིང་།།

ངེས་དོན་མཁས་པའི་མཚན་སྙན་ཕྱོགས་མེད་ཀུན་ཏུ་གྲགས་སོང་།།

བརྡ་སྤྲོད་སྐད་ཀྱི་ཚབ་མཚོན་རིག་འཕྲུལ་ཤེས་རབ་བློ་ཡིས།།

འཁྲུལ་མེད་ཁྱད་ཆོས་མངའ་བའི་བརྡ་དག་རིག་པའི་བང་མཛོད།།

སྔོན་མེད་གསར་གཏོད་མཛད་པས་རྗེ་འབངས་

མགྲིན་དབྱངས་གཅིག་གིས།།

ཡི་རང་བསྟོད་པའི་དབྱངས་ཀྱིས་མཐེ་བོང་མཁའ་རུ་བསྒྲེངས་སོང་།།

མཐའ་ཡས་ཤེས་བྱའི་རྣམ་གྲངས་མ་ལུས་བརྗོད་པར་ནུས་པའི།།

རྗོད་བྱེད་ཡི་གེའི་རྣམ་གཞག་བདེ་བཀླགས་ཁྱད་ཆོས་མངའ་བ།།

རྗེ་འབངས་ཐུགས་ལ་བསླབས་པས་དགའ་དད་སྤྲོ་བ་སྟོང་གིས།།

གཞལ་མེད་བཀའ་དྲིན་དྲན་པའི་བསྟོད་བསྔགས་མེ་ཏོག་གཏོར་སོང་།།

ཉམས་དང་རྟོགས་པས་བསྐྲུན་པའི་ཤེས་རབ་ལམ་བུ་ཡངས་པོས།།

ས་གནམ་སེམས་ཀྱི་བཀོད་པ་འགྱུར་མེད་ལྷུན་གྱིས་གྲུབ་ཅིང་།།

སེམས་ཀྱི་གྲུ་གར་ཉར་བའི་རེ་འདུན་སྙིང་གི་ཐིག་ལེ།།

གེགས་མེད་ལེགས་སྐྱེས་ཚབ་ཏུ་འོད་ཀྱིས་མཁའ་ནས་སྦྲེལ་སོང་།།

སྟོབས་རྩལ་དཔལ་གྱིས་མི་ཐུབ་མཚན་སྙན་ཀུན་ལ་གྲགས་པའི།།

ཕྱི་ནང་བཙན་པོའི་དཔའ་བོ་ཐབས་འཕྲུལ་ནུས་པས་བསླུས་ཏེ།།

དགོས་འདོད་ཤེས་རིག་འབར་བའི་གྱ་ནོམ་ནོར་གྱི་བང་མཛོད།།

མི་རིགས་རྒྱན་དུ་བླངས་ནས་དབུ་འཕང་སྔ་ལས་བསྟོད་སོང་།།

མཁོ་དགུའི་རིགས་ཀྱི་སྙིང་པོ་ཕྱི་ནང་ཀུན་ལས་བླངས་ཤིང།།

ཆོས་སྲིད་ཉི་ཟླའི་འོད་ཕུངས་སྒྲིབ་མེད་རབ་གསལ་མཛད་ཅིང་།།

བདེ་སྐྱིད་རྫོགས་ལྡན་གསར་པའི་དགོད་སྒྲ་སྔ་ལས་གྲགས་པའི།།

ཡིད་འོང་ཉམས་དགས་ཕྱུག་པའི་སྣོད་བཅུད་གསར་པ་བསྐྲུན་སོང་།།

ལུང་རིགས་གཡུ་རྭ་གསིག་པའི་གངས་ཀྱི་སེང་གེ་དཀར་མོ།།

སྟོབས་རྩལ་ངར་སྐད་སྒྲོག་པའི་ནགས་ཀྱི་རྒྱ་སྟག་ཁྲ་བོ།།

མྱུར་མགྱོགས་གློག་ཞགས་འཕེན་པའི་དབྱིངས་ཀྱི་གཡུ་འབྲུག་སྔོན་མོ།།

ཐབས་ཇུས་ནུས་པ་འབུམ་གྱིས་དོན་ཆེན་བསྒྲུབ་ཏུ་བསུས་སོང་།།

རི་བོའི་གཏོས་དང་མཉམ་པའི་མཐོ་བའི་མཁར་ཁང་བརྩིགས་ནས།།

ས་ཡི་རྡུལ་དང་མཚུངས་པའི་དམག་མི་འཁོར་དུ་བསྡུས་ཏེ།།

དྲང་བའི་ཁྲིམས་ཀྱིས་བསྐྱངས་པའི་བཙན་པོའི་རྒྱལ་ཁབ་བཙུགས་ཤིང་།།

སུམ་གཉིས་ས་ཡི་བདག་པོའི་མཚན་སྙན་ཐོད་དུ་བླངས་སོང་།།

ས་ཆེན་གཙུག་གི་བདག་པོ་རྩོད་མེད་དོན་གྱིས་དབང་བའི།།

བསོད་ནམས་མཁའ་རུ་འཕགས་ཤིང་ཆོས་སྲིད་ཉི་ཟླའི་རྣ་རྒྱན།།

འགྱུར་མེད་རྒྱན་དུ་འདོགས་པའི་སྟོབས་ལྡན་མི་ཡི་རྒྱལ་པོ།།

མངའ་ཐོབ་ཡངས་པའི་མཁའ་ན་ཅི་འདྲའི་བརྗིད་ཉམས་ཆེ་བ།།


  • ལེ་ཚན་སྔོན་མ།:མགོ་ལོག་བུ་མོ།
  • ལེ་ཚན་རྗེས་མ།:ཁ་ཆེམས་འབྲི་དུས།