དགེ་རྒན་ལ་བསྟོད་པའི་དཔེ་རྒྱན་སོ་གཉིས་མ།

​ཕུན་ཚོགས་བཟང་པོ།        2019-03-27

          ཆོས་དཔེ།

བཤེས་གཉེན་དམ་པ་འཛུམ་པའི་དགྱེས་ཞལ་ལས།།

འཁྲུངས་པའི་ཚེམས་ཕྲེང་དྭངས་ཤིང་གསལ་བ་འདི།།

གཡང་དཀར་ལུ་གུ་མཚོ་རུ་འབབ་པ་བཞིན།།

ཚར་དུ་དངར་བས་བདག་ཡིད་རྩད་ནས་འཕྲོག།

         དངོས་དཔེ།

ཡོངས་འཛིན་ཁྱེད་ཀྱི་འཛུམ་པའི་དགྱེས་ཞལ་འདི།།

དྲི་མེད་སྟོན་ཀའི་ཟླ་དང་ཡང་དག་མཚུངས།།

ངུར་སྨིག་ན་བཟས་ཡང་དག་བཀླུབས་པ་འདི།།

མཚམས་སྤྲིན་འཁྱུད་པའི་རི་རྒྱལ་ལྷུན་པོ་བཞིན།།

         བཟློག་དཔེ།

ཁྱེད་ཀྱི་མགྲིན་པའི་རྩེ་ནས་གསར་འཁྲུངས་པ།།

སྙན་ཞིང་འཇེབས་པའི་གསུང་སྐད་འཇམ་པོ་བཞིན།།

ལྷོ་ཕྱོགས་མོན་པའི་ཡུལ་ནས་གསར་ཕེབས་པའི།།

ཁུ་བྱུག་གླུ་སྐད་དེ་ཡང་སྙན་ཞིང་འཇེབས།།

        ཕན་ཚུན་དཔེ།

འགྲོ་ཀུན་གཟིགས་པའི་ཁྱེད་ཀྱི་ཐུགས་རྗེ་བཞིན།།

སྣང་བ་སྦྱིན་མཛད་ཆ་གཏེར་གསལ་བ་སྟེ།།

བསིལ་སྦྱིན་ལྟ་བུ་ཁྱེད་ཀྱི་ཐུགས་རྗེ་ཡང་།།

ཚ་གདུངས་མནར་བའི་ལུས་ཅན་ཀུན་ལ་ཁྱབ།

        ངེས་པའི་དཔེ།

སྐྱེས་སྦྱངས་རིག་པའི་རྩལ་ཀུན་ཆ་རྫོགས་པའི།།

བཤེས་གཉེན་དམ་པ་ཁྱེད་དང་ཀུན་མཚུངས་པ།།

ངག་གི་དབང་ཕྱུག་འཇམ་དབྱངས་བླ་མ་ལས།།

ཞིང་ཁམས་ཡོངས་རྫོགས་བསྐོར་ཀྱང་མ་མཆིས་ལགས།།

        ངེས་མེད་ཀྱི་དཔེ།

རིག་པའི་རྩལ་ཀུན་རྫོགས་པའི་བཤེས་གཉེན་ཁྱེད།།

འགྲན་པའི་ཟླ་བྲལ་ཀུན་མཁྱེན་ཉིད་དང་མཚུངས།།

གལ་ཏེ་གཞན་དུ་དེ་ལྟར་ལྡན་གྱུར་ན།།

ཡོངས་འཛིན་ཁྱེད་ཀྱི་རྗེས་སུ་ཅི་མི་འགྲོ།

        བསྡུས་པའི་དཔེ།

ཡོངས་འཛིན་ཁྱེད་ཉིད་མཚན་བཟང་ལྡན་ཙམ་གྱིས།།

འཇམ་དབྱངས་བླ་མའི་རྗེས་སུ་འགྲོ་མིན་ཏེ།།

གཙུག་ལག་མ་ནོར་ལེགས་པ་སྟོན་ནུས་པའི།།

ཤེས་རབ་དང་ནི་སྙིང་རྗེ་ལྡན་པས་སོ།།

       ཕུལ་བྱུང་གི་དཔེ།

ཡོན་ཏན་འབྱུང་གནས་དམ་པ་ཁྱེད་ཉིད་དང་།།

ངག་དབང་དཔལ་ལྡན་རྗེ་བཙུན་འཇམ་པའི་དབྱངས།།

དབུ་སྐྲ་རིང་ཐུང་ཙམ་གྱི་དབྱེ་བ་ལས།།

ཡོན་ཏན་གཞན་རྣམས་ཐ་དད་མ་མཐོང་ངོ་།།

       རབ་བཏགས་ཀྱི་དཔེ།

དོན་གཉིས་མཐར་ཕྱིན་ཟླ་བའི་མཚན་འཛིན་པར།།

མཚུངས་ཕྱིར་ཚངས་སྲས་མ་ཡིས་སྙེམས་མ་མཛད།།

ཟུར་ཕུད་ལྔ་ལྡན་ཀུན་ཀྱང་ཆ་རྫོགས་པའི།།

འཇམ་དབྱངས་བླ་མ་དེ་ཡང་དཔེ་ཟླ་ཡིན།།

       རྨད་བྱུང་གི་དཔེ།

ངག་དབང་རྒྱལ་པོ་ཚངས་སྲས་ལྷ་མོ་ཡིས།།

ལྔ་རིག་ནང་བསྟན་ཀུན་ལ་དབང་འབྱོར་ན།།

སྐྱེས་སྦྱངས་རིག་པའི་རྩལ་ཀུན་ཆ་རྫོགས་པའི།།

བཤེས་གཉེན་དམ་པ་ཁྱེད་དང་ཅིས་མི་མཚུངས།།

       རྨོངས་པའི་དཔེ།

བྱམས་དང་སྙིང་རྗེ་ཀུན་ལ་དབང་འབྱོར་བའི།།

བཤེས་གཉེན་ཁྱེད་ཉིད་གྲོང་དུ་ཕྱིན་པ་ན།།

ཕྱག་ན་པདྨོ་འདི་ན་ཕེབས་ཞེས་ཏེ།།

དད་ལྡན་གྲངས་མེད་དབང་ལུང་ཞུ་ཕྱིར་རྒྱུག།

       ཐེ་ཚོམ་གྱི་དཔེ།

མཛེས་ཤིས་སྡུག་པའི་འདབ་སྟོང་སྐྱེད་ཚལ་དུ།།

འཇམ་དབྱངས་བླ་མས་ཆོས་སྟོན་མཛད་པ་འམ།།

ཡང་ན་ཁྱེད་ཀྱིས་སློབ་སྟོན་གནང་བ་ཡིན།།

གསལ་བར་མ་ངེས་བདག་ཡིད་འཕྱང་མོ་ཉུག།


བརྗིད་ཉམས་ལྡན་པའི་གངས་དཀར་རི་བོ་ལ།།

མཚམས་སྤྲིན་གསར་བས་ཡོངས་སུ་འཁྱུད་དམ་ཅི།།

ཡང་ན་ཁྱེད་ཉིད་སྐུ་ལ་ངུར་སྨྲིག་གིས།།

བཀླུབས་པ་ཡིན་ནམ་བདག་ཡིད་འཕྱང་མོ་ཉུག།

       གཏན་འབེབས་ཀྱི་དཔེ།

འཛུམ་དཀར་སྟོན་ཞིང་མི་འགྱུར་ཡུན་གནས་ཤིང་།།

དམ་ཆོས་བདུད་རྩི་སྲིད་གསུམ་ཁྱབ་མཛད་མཁན།།

མཚམས་སྤྲིན་རྒྱན་པའི་གངས་དཀར་མ་ཡིན་ཏེ།།

ངུར་སྨྲིག་ན་བཟའ་བཀླུབས་ཕྱིར་ཡོངས་འཛིན་ཁྱེད།།

        སྦྱར་བའི་དཔེ།

ཉོན་མོངས་དྲི་མ་རྩད་ནས་རབ་སྤངས་བ།།

ཐུགས་སེམས་དཀར་ཞིང་སྙིང་རྗེ་འོད་སྣང་ཅན།།

རྨོངས་པ་སེལ་བའི་ནུས་མཐུ་ཀུན་རྫོགས་པའི།།

བཤེས་གཉེན་ཁྱེད་ནི་སྟོན་ཀའི་ཟླ་གཞོན་ཉིད།།

        མཉམ་ཉིད་ཀྱི་དཔེ།

དགྲ་གཉེན་ཕྱོགས་རེས་བྱ་བ་རབ་སྤངས་ཤིང་།།

གཞུང་ལུགས་མཐའ་དག་སྨྲ་ལ་དབང་འབྱོར་བའི།།

ཡོངས་འཛིན་ཁྱེད་ཉིད་ཟས་གཙང་རྒྱལ་སྲས་བཞིན།།

ཀུན་ལས་རྣམ་པ་རྒྱལ་བའི་སྙན་གྲགས་ཁྱབ།།

         སྨད་པའི་དཔེ།

གངས་དཀར་རི་བོར་ཉི་ཟླའི་ཞབས་ཀྱིས་གནོན།།

དབྱར་གྱི་ཕུན་ཚོགས་དུས་ཀྱི་གཞན་དབང་གྱུར།།

ཡོངས་འཛིན་ཁྱེད་ཀྱི་ཡེ་ཤེས་ཆེན་པོའི་ཐུགས།།

དེ་དང་མཚུངས་ཤིང་སྐྱོན་བྲལ་གསལ་ལ་ཡངས།།

        བསྔགས་པའི་དཔེ།

ལོག་སྨྲ་རྒོལ་ངན་འཇོམས་པའི་ཕྱོགས་གླང་གི།

ལུགས་བཟང་མ་ནོར་ལེགས་པ་སྟོན་མཛད་པའི།།

ཆོས་རྗེ་ཡབ་སྲས་ཇི་བཞིན་བཤེས་གཉེན་ཁྱེད།།

ཟུར་གནས་མཁས་པའི་གཙུག་ན་མངོན་པ་མཛེས།།

      བརྗོད་འདོད་ཀྱི་དཔེ།

ལེགས་པའི་ཡོན་ཏན་ཀུན་ཀྱང་ཆ་རྫོགས་སམ།།

ཡང་ན་མཁས་པ་མིན་ཞེས་བསྙད་ཀྱང་རུང་།།

ཡོངས་འཛིན་ཁྱེད་ཉིད་ས་ཐོབ་འཕགས་མཆོག་དང་།།

མཚུངས་ཞེས་བརྗོད་འདོད་བདག་གི་སྙིང་ལ་ཐིམ།།

      འགལ་བའི་དཔེ།

ཀླུ་སྒྲུབ་སློབ་མ་ཟླ་བ་གྲགས་པ་དང་།།

མཁས་པའི་གཙུག་རྒྱན་ས་སྐྱ་པཎ་ཆེན་ཞབས།།

མདོ་སྔགས་དཔལ་འབར་ཡོངས་འཛིན་ཟླ་གྲགས་མཚན།།

འཁྲུངས་པའི་གནས་མཆོག་རྣམ་པ་འགལ་ཙམ་ཉིད།།

       འགག་པའི་དཔེ།

ཆུ་འཛིན་ནག་པོས་ཀུན་ནས་ཡོངས་འཁྱུད་ཅིང་།།

ཐལ་རྡུལ་རླུང་གིས་བསྐྱོད་དེ་རབ་གང་བའི།།

ནམ་མཁའི་ཀློང་གིས་ཁྱེད་ཀྱི་ཐུགས་བསྐྱེད་ལ།།

འགྲན་ཟླ་འདོད་པའི་སྤོབས་པ་དབེན་ཞིང་ཉམས།།

       ངོ་བསྟོད་ཀྱི་དཔེ།

ཡོངས་འཛིན་ཁྱེད་གདོང་སྤྱན་ཟུང་གཉིས་ཀྱིས་རྒྱན།།

རྒྱལ་བའི་ཞལ་དཔལ་ཡེ་ཤེས་སྤྱན་དངོས་ཉིད།།

འོན་ཀྱང་སྐལ་ལྡན་སྤྱི་བོ་བདག་འདྲ་ལ།།

བརྩེ་བས་གཟིགས་པའི་ཚུལ་ལ་ཅིས་མི་མཚུངས།།

      དེ་ཉིད་བརྗོད་པའི་དཔེ།

བརྗིད་ཉམས་ཅན་འདི་གངས་དཀར་རི་བོ་དང་།།

མཚུངས་ཀྱང་མ་ཡིན་ཡོངས་འཛིན་ཁྱེད་ཀྱི་སྐུ།།

དམར་སེར་རྣམ་པ་བཀྲ་འདི་མཚམས་སྤྲིན་དང་།

མཚུངས་ཀྱང་མིན་ཏེ་ངུར་སྨྲིག་ན་བཟའ་ལགས།།

      ཐུན་མོང་མིན་པའི་དཔེ།

དབྱངས་གསལ་བདག་པོ་སློབ་དཔོན་ཐོན་མི་ཡིས།།

མཚུངས་པའི་ཟླ་ལ་རྡུལ་ཙམ་མི་འོས་པས།།

ཁྱེད་ཀྱི་དཔེ་ལ་རང་ཉིད་གཅིག་པོ་ལས།།

གཞན་པ་མ་མཆིས་ཡོངས་འཛིན་དམ་པ་ཀྱེ།།

        བྱུང་མིན་གྱི་དཔེ།

ནད་གདོན་མྱོས་པའི་ལུས་ཅན་མཐའ་དག་ལ།།

ཕན་པ་མཛད་པའི་བཤེས་གཉེན་དམ་པ་ཁྱེད།།

དུས་གསུམ་འཕགས་མཆོག་བྱེ་བ་ཕྲག་བརྒྱ་ཡི།།

ནུས་མཐུ་མ་ལུས་ཕྱོགས་གཅིག་བསྡུས་པ་བཞིན།།

       སྲིད་མིན་གྱི་དཔེ།

ནུ་སྐྱེས་འོ་མ་བསྲུབས་ལས་དུག་ཁུར་དང་།།

ཆུ་འཛིན་གསར་བཞད་བར་ནས་པད་མ་བཞིན།།

རིག་པ་འཛིན་པའི་ཡོངས་འཛིན་ཁྱེད་ཞལ་ལས།།

ཉེས་བཤད་ཕྲེང་བ་འབྱུང་བ་སྲིད་རེ་སྐད།།

        མང་བའི་དཔེ།

རབ་མཛེས་གངས་དཀར་ལྷུན་པོའི་ལྗིད་པའི་ཚད།།

སྲིད་གསུམ་རྡུལ་གྱི་གྲངས་དང་རྣམ་མཁྱེན་ཐུགས།།

གཞལ་བྱར་མི་ནུས་ཇི་བཞིན་ཡོངས་འཛིན་གྱི།།

བཀའ་དྲིན་དེ་ཡང་གཏིང་དཔག་དཀའ་བའི་གནས།།

       རྣམ་འགྱུར་གྱི་དཔེ།

བཤེས་གཉེན་དམ་པས་བཞེས་པའི་ན་བཟའ་འདི།།

གངས་རྩེ་ཐུན་མཚམས་སྤྲིན་ལས་བླངས་པ་བཞིན།།

ཁྱེད་ཀྱི་དགྱེས་པའི་སྒྲ་དབྱངས་རེ་རེ་ནི།།

འཇམ་དབྱངས་བླ་མའི་ངག་ལས་དྲངས་པ་བཞིན།།

        ཕྲེང་བའི་དཔེ།

དབྱར་གྱི་སྤྲིན་ཚོགས་འཁྲིགས་པས་སྦྲང་ཆར་བཞིན།།

དེ་ཡིས་དཔྱིད་ཀྱི་ཕུན་ཚོགས་རྒྱས་པ་ལྟར།།

ལོངས་སྤྱོད་འཕེལ་པས་དབུལ་པོ་འཇོམས་པ་བཞིན།།

ཡོངས་འཛིན་ཁྱེད་ཀྱིས་འགྲོ་བའི་སྡུག་བསྔལ་སེལ།།

       ངག་དོན་གྱི་དཔེ།

བརྩེ་བས་འཛུམ་གྱི་གདོང་གི་ཞལ་སྒོ་ལས།།

འཁྲུངས་པའི་ཚེམས་ཕྲེང་དུང་གི་ཁ་དོག་ཅན།།

མཛེས་སྡུག་བཀྲ་བའི་དབྱར་གྱི་རྩྭ་ཐང་དུ།།

ལུ་གུ་འབབ་པ་ཇི་བཞིན་ཚར་དུ་དངར།།

བཞིན་སྒྲ་དུ་མ་ཅན་གྱི་དཔེ།

ཆུ་ཤེལ་ལྷུན་པོ་བཞིན་དུ་ཁྱེད་ཀྱི་སྐུ།།

མཚམས་སྤྲིན་འོད་ཀྱིས་འཁྱུད་བཞིན་ངུར་སྨིག་འཛིན།།

རླུང་གིས་གཡོ་བསྒུལ་མི་ནུས་ཇི་བཞིན་དུ།།

ཉོན་མོངས་དགྲ་ཡིས་གཡོ་མེད་ཤེས་རབ་རྫོགས།།

      ཟླ་བོ་དངོས་པོའི་དཔེ།

ལྷོ་ཕྱོགས་སྲིད་པའི་གླིང་ཀ་ཁྱོན་ཡངས་ན།།

ཀུན་དབང་བཤེས་གཉེན་ཁྱེད་ལ་འགྲན་ཟླ་སུ།།

བརྒྱ་བྱིན་ཆུ་གཏེར་ལན་བརྒྱར་བསྲུབས་ན་ཡང་།།

ཆུ་ཤེལ་དཀྱིལ་འཁོར་གཉིས་པ་བྱུང་མྱོང་ངམ།།

       མཚུངས་སྦྱོར་དཔེ།

འཕགས་ཡུལ་མཁས་པའི་གཙུག་རྒྱན་ཀླུ་སྒྲུབ་དང་།།

བསིལ་ལྗོངས་འགྲོ་བའི་མགོན་པོ་ཟླ་གྲགས་མཚན།།

གང་གིས་ཤཱཀྱའི་བསྟན་པ་གསལ་བ་དང་།།

ཁྱེད་ཀྱིས་ཐོན་མིའི་བསྟན་བཅོས་གསལ་མཛད་གནང་།།

        རྒྱུའི་དཔེ།

ཁྱེད་སྐུ་བརྟན་པས་རི་རྒྱལ་ལྷུན་པོ་དང་།།

ཁྱེད་གསུངས་སྙན་པས་ངག་དབང་ལྷ་མོའི་གླུ།།

ཁྱེད་ཐུགས་ཟབ་ཅིང་རྒྱས་པས་དྭངས་གཙང་གི།

ཆུ་གཏེར་ཡིད་འོང་དང་མཚུངས་ཡོངས་འཛིན་ཀྱེ།།

  • ལེ་ཚན་སྔོན་མ།:སྣང་བ་གླུ་རུ་ལེན་པ།
  • ལེ་ཚན་རྗེས་མ།:བརྩེ་བ།