ལྷུག་ལྷུག་ཏུ་དགོད་པའི་རྒྱ་སེ།

གུ་དཔལ་ཤིས།        2019-02-27

དེ་དུས་མིག་ལ་ལྷུང་བའི་གྲིབ་མདངས་དམར་པོ།།

དེ་དུས་ཡི་གར་བཞད་པའི་ནས་འབྲུ་ལྡེམ་ལྡེམ།།

དེ་དུས་རྨི་ལམ་གཤོག་པའི་དུང་འཁྲེང་རྒྱ་སེ།།

དེ་དུས་དུས་ཀྱིས་བཞད་པའི་སྟོན་ལོ་རབ་རིབ།།

དེ་དུས་སྦྲང་ཆར་བྱོ་བའི་གཙང་བོ་དྭངས་བསིལ།།

དེ་དུས་ཁེར་རྐྱང་དགོད་པའི་སྣང་བ་ཁྲ་ཁྲ།།

དེ་དུས་མིག་འོད་འཚེར་བའི་ཚེ་ཡི་ལ་གཞས།།

དེ་དུས་བརྩེ་མཚོ་ཟབ་པ་དཔག་ཚད་བརྒྱ་ཕྲག།

དེ་དུས་དྲན་དབྱངས་སྙན་པ་དབྱར་ཟླ་དྲུག་པ།།

དེ་དུས་དུང་འབྲས་སྨིན་པ་སྟོན་གྱི་སྙེ་རླབས།།

དེ་དུས་ཡི་ག་ལྷུང་བའི་ཁངས་སྐྱ་འཚུབ་མ།།

དེ་དུས་འཛུམ་ཆུང་གྲོལ་བའི་དཔྱིད་ཀའི་ལྗང་ལོ།།

དེ་དུས་སྦྲ་སྨུག་མཐོངས་ཀྱི་དུད་སྤྲིན་ལྷོག་ལྷོག།

དེ་དུས་སྒོ་དར་སྟེང་གི་དར་ལྕེ་ལྷེམ་ལྷེམ།།

དེ་དུས་མཐའ་ན་འཁོར་བའི་རྟ་ནོར་ལུག་ཁྱུ།།

དེ་དུས་སྒོ་འགྲམ་སྲུང་བའི་ལ་ཁྱི་རྒྱ་བོ།།

དེ་དུས་རྟ་ཕོ་ཞོན་པའི་བུ་ཚ་སྟག་ལོ།།

དེ་དུས་བཞོ་གཡང་འཐེན་པའི་སྨན་ཆུང་འབྲུག་ལོ།།

དེ་དུས་བརྩེ་གཞས་འགུགས་པའི་སྙན་པ་སིང་སིང་།།

དེ་དུས་འོ་མཚོ་བཅུས་པ་དུངས་སེམས་རྫིང་བུ།།

དེ་དུས་གསེར་མིག་འཁྱུག་པའི་མཉམ་འདྲིས་འཚོ་བ།།

དེ་དུས་སྣང་བ་དྲོ་བའི་དགུང་གི་ཉི་འོད།།

དེ་དུས་མཚན་སྨག་བསྲོ་བའི་ཟླ་བ་ཁེར་འཛུམ།།

དེ་དུས་དུས་གསུམ་བདག་པོ་ཡིད་གཞུང་མེ་ཏོག།


  • ལེ་ཚན་སྔོན་མ།:སེམས་དང་སེམས་པ།
  • ལེ་ཚན་རྗེས་མ།:མཚན་མོ།