མྱུག་ཆར། 2019-01-23
གཅེས་ཕྲུག་མ། དེ་རིང་ཕུ་བོས་ཁྱེད་རང་མཐོང་དུས།
སྙིང་ཁོང་དུ་མེ་ཏོག་ཚོམ་བུ་ཚོམ་བུ་སྐྱེས་ཤིང་།
བདེ་སྡུག་གི་ཁོང་གསེང་གང་རུང་ན་དྲག་ཏུ་
ལྡིང་བའི་ཡིག་འབྲུ་རེ་རེ།
ཧ་ཅང་སྙི་དྲགས་པའི་སྙིང་ཀ་རུ་བྱུར་བུར་སྤུངས་འདུག
སྐད་ཅིག་སྐད་ཅིག་ལ་ཁྱེད་རང་མཐོང་དུས།
ཕུ་བོའི་སྨྲ་བ་འགག་ཅིང་ཞེ་ལ་སྐྱོམས་འདར་མང་པོ་བསྐུར་ཡོང་།
མིག་གིས་ཕྱི་ལ་ཅི་ཙམ་བལྟས་ཀྱང་།
མུན་ནག་གིས་ཕུ་བོའི་མཐོང་ལམ་བསྒྲིབས་འདུག
གཅེས་ཕྲུག་མ། ཁྱེད་དང་གློ་བུར་དུ་བྲལ་དུས།
ཕུ་བོ་སླར་ཡང་མདུན་དུ་བསྐྱོད་དགོས།
འོད་ཀྱི་རྣ་ལུང་བཏགས་པའི་ཟླ་བ་སྒོར་སྒོར་འདི།
ཁྱོད་ཀྱི་ཞལ་རས་དང་ཅི་འདྲའི་མཚུངས་ཨང་།
དོ་ནུབ་ཁྱེད་རང་ཟླ་བ་འདི་དང་འདྲ་བྱུང་སྟེ།
ཕུ་བོའི་སེམས་ཁོང་གི་དཀར་ས་ན་འཛུམ་བགྱི་ལེར་དགོད་གྱིན་འདུག
གཅེས་ཕྲུག་མ། མུན་ནག་གི་ཁུད་དུ་གཅིར་པའི།
དུས་ཆད་ལྟར་ཕེབས་འབྱོར་གནང་བའི་སྤྱི་
ཚོགས་ཀྱི་བྲང་གཞུང་ནས།
ཁྱེད་རང་ལག་མ་ཆགས་ན་ཅི་འདྲའི་སྐྱིད་ཨང་སྙམ།
ཕུ་བོས་དེ་ལྟར་དྲན་བཞིན།
སེམས་ངལ་གྱི་སྙེག་པའི་ཡུལ་དེ་མཐོང་རྒྱུ་འདུག
ཕུ་བོས་དེ་ལྟར་དྲན་གྱིན་དྲན་གྱིན།
མི་ཚེ་ཡི་ངལ་བར་ཡི་ག་གཏན་དུ་འགག
ངོ་གདོང་ལག་པས་བཀབ་སྟེ་མིག་ཆུ་ཕུད་འདོད་ན་ཡང་།
ཁྱེད་ཉིད་ལྟ་བའི་མཚར་སྡུག་གི་རྨི་ལམ་རེ་རེ་ནི།
ཕུ་བོའི་སྙིང་ལ་བྲེད་ཤ་ལངས་པའི་ཀི་རིང་ཞིག་བཏབ་
པ་དང་འདྲ་བས།
ཕུ་བོའི་སྙན་ངག་གི་ནང་སྙིང་སྒུལ་བྱུང་ངོ་།།
རྩོམ་གསར། 10