གདངས་འཁྱག་པ།

ཐ་སྐར།        2019-01-23

མཚན་མོའི་རི་སུལ་ཁེར་རྐྱང་གདུང་བས་གཡོགས།

བདག་གི་སྙིང་དང་མཆིན་པ་རབ་གཡོས་ནས།།

སྙིང་གི་འཕར་ལྡང་མིག་གིས་མ་མཐོང་ལ།།

སྨྲེང་བའི་ཁ་དོག་སེམས་ཀྱིས་མི་ཟིན་མོད།།

མཚན་མོའི་གྲང་རག་སྣང་བའི་རྒྱབ་ནས་ལྡང་།།

སྐྱོ་སྣང་མགུར་ལ་དྲངས་བའི་མགྲོན་པོ་ངས།།

ལག་པས་གྲིབ་མའི་ནང་གི་མེ་ཏོག་རེག།

སྨྲེང་བའི་ཐ་མག་མཚན་ལམ་རིང་མོའི་གདངས།།


སྣང་བའི་རྟ་ཕོ་སྨྲེང་བའི་སྒྲོག་གིས་བཅིངས།།

གྲིབ་མའི་ནང་དུ་ལོ་བརྒྱའི་རྨ་ཁ་བླུགས།།

རྨ་ཁར་ཁྱོད་ལ་ཆགས་པའི་སེམས་པ་བྲིས།།

མིག་ཆུ་རྡོག་གཅིག་འཛིན་ཐབས་མི་འདུག་པས།།

ཉམ་ངའི་ལྗོན་འདབ་འོག་ཏུ་གཅིག་པུར་ལུས།།

སྨྲེང་བའི་དཀྱིལ་འཁོར་ནང་ལ་དགུན་ཁ་ཚེས།།

བརྩེ་བའི་མིག་ཟུང་མཐིལ་གྱི་ཡུ་མོ་དྲན།།

འཁོར་བའི་གཙང་པོའི་ཁ་ནས་ང་རང་འཁྱག།


མཚན་གྱི་ལྷིང་འཇགས་སྙིམ་པར་སིམ་པའི་ཚེ།།

ང་ཡི་རྒྱང་མིག་ནང་དུ་ཐན་པ་ཚེས།།

ཁྱེད་ཀྱི་རྒྱབ་གཟུགས་སྟེང་དུ་གྱེས་བྲལ་འཆར།།

བདག་གི་སྙིང་ཁར་ཁེར་རྐྱང་རོ་ལངས་རྒྱག།

ད་ནི་དབེན་སིམ་ཁྲོད་ནས་སྨྲ་བ་འགག།

དྲན་པ་ཚིག་ལ་བརྒྱུས་ནས་སྙན་ངག་འབྲི།།

སེམས་ཀྱི་ནང་དུ་ཁེར་རྐྱང་འཁྱུག་པ་ན།།

སྨག་ནག་ཀློང་དུ་སྐྱོ་བ་བབས་ནས་ཡོང་།།


  • ལེ་ཚན་སྔོན་མ།:གཙང་འགྲམ་གྱི་མེ་ཏོག
  • ལེ་ཚན་རྗེས་མ།:གཅེས་ཕྲུག་མ།