ཐོལ་རྩོམ།

དཔྱིད་སྨྱུག        2019-01-14

ན་གཞུང་སེར་བོ་འདིའི་སྟེང་ན་ཡན་པའི།།

གཡང་དཀར་ལུག་ཁྱུ་ཡི་འབའ་སྒྲ་ཡག་བྱུང་།།

ནངས་སྔ་སྨུག་སྤྲིན་གྱི་གསེབ་ཏུ་སྦས་ཤིང་།།

མཚར་སྡུག་རྨི་ལམ་ཞིག་འདི་ན་ཤར་ཡོད།།


ཁྱེད་ཉིད་མ་ཕེབས་པའི་ལོ་དང་ཟླ་བ།།

རི་བོ་མཐོན་པོ་འདིའི་ཕག་ཏུ་བསྐུངས་ཡོད།།

གྱེས་ཞལ་འཛུམ་དཀར་གྱི་རི་ལུང་དེ་ན།།

དྲན་ཤིང་དམར་པོ་དེའི་མེ་ཏོག་བཞད་ཡོད།།


ལྷ་ཚོགས་རྒྱང་རིང་ནས་ཕེབས་པ་མ་བྱུང་།།

ཁེར་རྐྱང་གངས་རི་འདིའི་མཐའ་ཁ་ཞིག་ཏུ།།

གྱེས་གདུང་རྨ་ཁ་ཞིག་རྒྱང་ལ་འཐེན་ཡོད།།

ཕྱིར་མིག་ཞེན་ཆགས་ལ་ཁ་བ་འཚུབ་བྱུང་།།


ཉིན་དེའི་ས་སྲོད་ཀྱི་ན་སྤང་མཚམས་སུ།།

གྲིབ་མ་ནག་པོ་ཞིག་ཐོལ་གྱིས་འཕྱུར་བྱུང་།།

སྙིང་ཆུང་དམར་པོ་འདིའི་ནང་གཞུང་དེ་རུ།།

དྲན་གདུང་རྨི་ལམ་གྱི་མཆི་མ་བརྩེགས་ཡོད།།


  • ལེ་ཚན་སྔོན་མ།:བགྲེས་པོ།
  • ལེ་ཚན་རྗེས་མ།:སྒེའུ་ཁང་ནང་གི་དགུན་ཁ།