སྙིང་ཉེ། ངའི་ཉེ་སར་མ་བཅར།

བསོད་ནམས་ཕུན་ཚོགས།        2018-12-28

ངའི་ཉེ་སར་མ་ཡོང་།

ང་བདེ་སྐྱིད་མིན།

ང་རྨི་ལམ་མིན།

བརྩེ་སེམས་ཀྱིས་ཕྱུག་པའི་རྒྱལ་སྲས་དེ་ང་མིན།

འཁྲབ་སྟོན་ལ་བྱང་བའི་སྐྱེས་པ་དེ་ང་མིན།

ངའི་ཉེ་སར་མ་ཡོང་།

ང་དྲོད་ཁོལ་མིན།

ང་དྲན་གདུང་མིན།

ཡིད་སེམས་ཀྱི་སྨྲེང་བ་ཁུར་བའི་མཆུ་སྒྲོས་དེ་ང་མིན།

ནང་སེམས་སུ་གཏན་ཚིགས་མེད་པའི་ཆིག་ལབ་དེ་མིན།

ངའི་ཉེ་སར་མ་ཡོང་།

ང་རྡོ་བ་ཡིན།

ང་མིག་ཆུ་ཡིན།

འཁྱག་ཏུ་བཟུང་བའི་སེམས་པ་དྲོད་མེད་དེ་ང་ཡིན།

བྱེ་མར་གྱུར་བའི་མྱ་ངན་ཐང་ཆེན་དེ་ང་ཡིན།

ངའི་ཉེ་སར་མ་ཡོང་།

ང་ཉལ་ཐ་ཡིན།

ང་མུན་ནག་ཡིན།

རྒྱ་རུ་ཚུད་པའི་སྲོག་ཆགས་ཤི་བོ་དེ་ང་ཡིན།

གཡང་དུ་སྐྱེས་པའི་མེ་ཏོག་ནག་པོ་དེ་ང་ཡིན།

ངའི་ཉེ་སར་མ་ཡོང་།

ང་མེ་ཡིན།

ང་འགོས་ནད་ཡིན།

མི་ཁའི་རྦ་རླབས་ན་ཡོད་པ་དེ་ང་ཡིན།

མཛེས་སྡུག་མེད་པའི་སྐྱེས་པ་ང་ཡིན།

ངའི་ཉེ་སར་མ་ཡོང་།

ང་གདོན་ཡིན།

ང་སེམས་གཅོང་ཡིན།

འུར་ཟིང་གི་མཚོ་ན་བསྐྱོད་པ་དེ་ང་ཡིན།

འཐབ་འཛིང་གི་ངོགས་ན་ཡོད་པ་དེ་ང་ཡིན།

ངའི་ཉེ་སར་མ་ཡོང་།

ང་གངས་རི་མིན།

ང་རྩྭ་ཐང་མིན།

མདོར་ན་ངའི་ཉེ་སར་མ་ཡོང་།

ང་དང་གཏན་དུ།


  • ལེ་ཚན་སྔོན་མ།:ཉིན་འདི་ཚོར་ངས་ས་ཁྲ་ལ་ཡང་ཡང་ལྟ་བཞིན་ཡོད།
  • ལེ་ཚན་རྗེས་མ།:ལྷོད་ལ་བབ་དུས།