ཉིན་འདི་ཚོར་ངས་ས་ཁྲ་ལ་ཡང་ཡང་ལྟ་བཞིན་ཡོད།

བསོད་ནམས་ཕུན་ཚོགས།        2018-12-28

ངས་ཁྱེད་རང་གཏེར་ལེན་ཁའི་དར་གྱི་རྩེ་རུ་རྨི་ལམ་ལྟར་བསྐྱོད་པ་ཐོས་ཡོད།

ས་ཁྲ་ལས་མཐོང་བ་ལྟར་ན་ཁྱོད་ཀྱི་ཕ་ཡུལ་དང་ང་ཚོའི་བར་ཐག་འདི་འདྲའི་ཉེ་བ་ལ།

གཏེར་ལེན་ཁ་རུ་ཁ་བ་འབབ་ཅིང་གྲང་ངར་རབ་ཏུ་ཆེ་བ་དེས།

ཁྱོད་ཀྱི་ཐུགས་རྒྱུད་ལ་གྱེས་གདུང་གི་ཁ་བ་དང་གྲང་ངར་ག་ཚོད་ཅིག་ལྡང་དུ་བཅུག་སོང་།

གསུངས་དང་། ཨོ་རེད། ཁྱེད་ཀྱིས་མ་གསུངས་ཀྱང་ང་ཡིས་ཚོར་བྱུང་།

ཁྱེད་རང་འཇིག་རྟེན་པའི་རྒྱང་རིང་གི་རྨ་ཁར་འགྲེངས་ནས་ཉེ་སར་ཕེབས་བྱུང་།

མཛའ་གཞས་དང་འགྲོགས་པའི་ལང་ཚོའི་གར་ལ་རོལ་བཞིན།

གཞས་ཚིག་གྲངས་མེད་ཀྱི་བློ་ཡི་དཔང་པོ་རུ་མཆོད་པར་བཞེངས།

གཏེར་ལེན་ཁ་སེང་རས་ཀྱི་བར་བར་ན་བཞུར་བའི་བརྩེ་དུང་གི་བསྒྲིབས་པ་སེལ་བྱེད་ཅིག

ཁྱོད་བློ་ཚིམས་པའི་རྒྱང་རིང་གི་མཐའ་མཇུག་མཐོང་ཆེད་དུ།

ང་རང་ཁུ་སིམ་སིམ་གྱི་གཏེར་ལེན་ཁ་རུ་ཡོང་།

མ་རེད། ཁྱོད་ཀྱི་ཕ་ཡུལ་བརྩེ་བརྗོད་ལུང་པར་སོང་།

ཁྱོད་ཀྱིས་ལེན་མ་ཐུབ་པའི་གླུ་ཆུང་ནི་དུས་ཚོད་ཀྱི་རྨ་ཁར་བཞད་འདུག

གཏེར་ལེན་ཁ། ཕལ་ཆེར་ཕ་ཡུལ་དུ་ལོག་པའི་ལམ་ཐག་ནི་འདས་པ་དང་མ་འོངས་རེད་བཞག

ཁྱོད་ཉིད་གར་སོང་ཆ་མེད་དུ་གྱུར་བ་དེ་བཀྲེས་ལྟོགས་ལ་བརྟེན་དགོས་མ་བྱུང་།

མ་གཞི། ཁྱོད་ཉིད་གཞས་ཚིག་ལས་རྙེད་ཅིང་གཞས་ཚིག་ལས་བོར་མཁན་དེ་ཡིན་ནམ།

མཐའ་མི་མངོན་པའི་གཏེར་ལེན་ཁའི་ཞིང་གྲོང་ནི་ནང་མ་བསྟོད་གཞས་བཞིན།

གཡེར་འཛུམ་ཅི་དགར་གྲོལ་བའི་མི་སེམས་འདི་ཆང་གི་ཟམ་པར་ཁེན་དགོས་བྱུང་།

མ་གཞི་གཏེར་ལེན་ཁའི་འུར་སྒྲ་ཁུ་སིམ་པའི་ཀློང་དུ་ཡལ་འདུག

གཏེར་ལེན་ཁ་དེ་ལྟར་འཆར་སྣང་གི་མདའ་མོ་བཞིན།

སྐད་ཅིག་ཉིད་ལ་དོན་སྣོད་ནང་དུ་པཱ་ཡུན་གཙང་པོ་བཞུར་ཡོང་།

ཁྱོད་ཀྱིས་ཁྱོད་ཉིད་སྐྱོ་རུ་མི་བཅུག་ཆེད་དུ་མཚན་མོར་ཅི་གར་རོལ་བ་བདེན་ནམ།

གལ་ཏེ། ཆར་ཆུ་ཁྱོད་ཉིད་སླར་གསོན་བྱེད་མཁན་དུ་གྱུར་ཚེ།

ངས་ཁྱོད་ཀྱི་བརྒལ་མ་ཐུབ་པའི་གཏེར་ལེན་ཁའི་སྤྲིན་དཀར་ཚ་སོབ་སོབ་ངང་བསུ་འདོད།

དེ་ཉིན་གྲང་རླུང་གི་ཆར་རྒྱུན་ཟིམ་བུ་གྱེས་ཁའི་ལག་བརྡ་དང་འདྲ་བས།

སེམས་གསོ་བྱེད་བཞིན་ཐག་རིང་སའི་མཐའ་ལ་འགྲོ་དགོས་བྱུང།

གཏེར་ལེན་ཁ་ད་ཆ་ང་ཡང་ཆར་བའི་ཁྲོད་དུ་གཞས་ཆུང་ལ་ཉན་པར་གོམས་བཞིན་འདུག

ཁྱོད་ཀྱི་ཕ་ཡུལ་གྱི་ཆར་རྒྱུན་ཟིམ་བུ་ཚགས་དམ་ཞིང་ཆར་བའི་ཁྲོད་དུ་ང་ཚོ་འཕྲད།

གཉིད་ཀྱི་བོང་བ་བཞིན་དུ་ཁུ་སིམ་མེར་ཁྱོད་ཀྱི་རྒྱབ་གཟུགས་ཀྱི་ཟླ་བར་རེག

རླུང་ཁར་བརྩིགས་པའི་སྤྲིན་དཀར་གྱི་ཞལ་རས་གཏེར་ལེན་ཁའི་ལམ་རིམ་བཞིན།

དེ་རིང་ཁྱོད་ཕྱོགས་སུ་ཧེ་ཙིའི་ཉིན་ཐོ་འབབ་ཀྱིན་འདུག་ཟེར།

ཡིན་ན་ཡང་། མི་འགྱངས་པར་ང་རང་ཕྱིར་ཡུལ་གྱར་གྱི་ཁྱིམ་གཞིས་ལ་ལོག་དགོས་པས།

ཉིན་འདི་ཚོར་ངས་ས་ཁྲ་ལ་ཡང་ཡང་ལྟ་བཞིན་ཡོད།


  • ལེ་ཚན་སྔོན་མ།:རྨི་ལམ་གྱི་བདག་མོ།
  • ལེ་ཚན་རྗེས་མ།:སྙིང་ཉེ། ངའི་ཉེ་སར་མ་བཅར།