མཚན་ལ་སྦྲུམ་པའི་སྙན་ངག

རྔ་བ་ཕུན་ཚོགས།        2018-12-03

ཕྱི་རོལ་དུ་ཉི་འོད་མེད་པས།

ངས་དཔེ་ཤག་ཏུ་མེར་བསྲོས་ནས་བསྡད།

ཁ་བ་མེད་པའི་དགུན་ཟླ་འདི་ཅི་འདྲའི་གྲང་ནའང་།

གཙང་བོ་ཁོ་ན།དུས་ཀྱི་ཚེག་ཤད་འབྲི་མཁན་ཡིན།


ལུས་ཀྱི་ཐོ་ཡོར་ནག་པོ།

ཧ་ཅང་ཐང་ཆད་པའི་དུས་སུ།

གཉིད་བསོར་མོ་ཞིག་ལོག་ནས།

ལོ་ཟླ་ཞིག་ལ་སྐྱེལ་མ་བྱས་ཀྱང་།

རང་སེམས་ཀྱི་མེ་ལོང་སྙིང་ལ་ཆག་ན།

ངས་སུ་ཞིག་ལ་འགྱོད་བཤགས་བྱ་ཨང་།


ལྷིང་འཇགས་ཀྱི་མཚན་མོ་རེ་རེར།

ངས་ཡུན་རིང་ཞིག་ལ་རྨི་ལམ་ཞིག་རྨིས།

ནམ་སད་དུས།

སྤྲིན་པའི་སྐ་རགས་གསེང་ནས་བལྟས་ཚེ།

ཡོད་ཚད་ནས་ཡོད་ཚད་སྟོང་པའི་མཁའ་ལ་མཛུམ།

སེམས་པའི་སྣེ་གཉིས་སུ་སྨུག་པ་ཡང་ཡང་འཐིབ།

སྨུག་པའི་ནང་དུ་དུས་ཀྱི་ཁ་བ་འབབ་རྒྱུ་མེད་ན།

དགའ་སྐྱོ་ཆགས་སྡང་གི་སྤྲིན་པ་ཅིའི་མི་འཁྲུགས།


ལོ་ཟླ་འདི།

སྙན་ངག་ཐར་ཐོར་ཞིག་གིས་སྦྲུམ་པར་མི་ནུས་ན་ཡང་།

ཤར་ནུབ་ཀྱི་མཐའ་ན་འཕྱང་བའི་ཉི་ཟླའི་རྔུལ་ཁྲག་ལས།

ང་ལ་ཁྱོད་ལས་ལྷག་པའི་སེམས་རྩ་གླན་ས་ཞིག་མེད།

དབྱངས་གསལ་གྱི་མགུལ་རྒྱན་འཆང་བའི།

དགུན་ཟླ་འདིར།

ཧ་ཅང་ཐང་ཆད་པས།

ཁ་བ་དཀར་པོའི་སྙན་ངག་ཅིག

ལེགས་སྐྱེས་སུ་འབུལ་རྒྱུ་མ་བྱུང་ཡང་།

དམར་རོ་ཁྲག་གི་ཐ་སྙད་དེ་དག

བསྐལ་བའི་བར་གྱི་སྙན་ངག་ཡིན།


  • ལེ་ཚན་སྔོན་མ།:རྫ་བུམ་ནང་གི་མེ་ཏོག
  • ལེ་ཚན་རྗེས་མ།:སྐྱབས་འགྲོ་གསར་མ།