ཕུན་ཚོགས། 2018-11-30
ཉི་འོད་འཐུ་བའི་བགྲེས་སོང་ཞིག
ཤར་མཐའ་ནས་ནུབ་མཐར་འཁོར་ཏེ།
རོ་ཡི་རི་བོ་དང་ཁྲག་གི་མཚོ་མོར་བསྐྱིལ་བའི།
འཇིག་རྟེན་ལ་ཕུར་ཚུགས་སུ་ཅེར།
ན་ཆུང་ཞིག་སྲོད་ཀྱི་གྲིབ་མར་བཏགས་པའི་སྡོང་བོ་བཞིན།
རྩ་བ་རྙིད་ཅིང་ལོ་མ་སྐམ་ནས།
ཟླ་བ་མགོ་རྗེན་ཞིག་གི་མཁུར་འགོར་དཔྱངས།
ཟླ་འོད་དྭངས་པོའི་འོག་ཏུ།
སྐར་མ་རུ་འབོད་པའི་མཚན་མོའི་སྐེ་རྒྱན་སེར་རོ།
མ་འོངས་པ་ཟེར་བའི་སྟོང་བསམ་ཁྲོད་ཀྱི།
ཤ་ཁྲག་ལས་མཆེད་པའི་གཅེས་ཕྲུག་ཡིན།
ཉི་མ་ཤར་ནས་འཆར་ཡང་མུན་པ་ནུབ་ལ་ཁུར་ཡོང་།
རྒོད་པོ་གནམ་ནས་འཕུར་ཡང་གྲིབ་མ་ས་ལ་པར་འདུག
དབྱངས་གསལ་གྱི་རྨི་ལམ་འཚོ་བའི།
ཕ་ཡུལ་གྱི་མཚན་མོར།
འཚོ་བ་ཟེར་བའི་ཐ་སྙད་ཅིག་ལ་འགྲེལ་བཤད་རྒྱག་ཕྱིར།
ལུས་དང་གྲིབ་མ་ཁེར་རྐྱང་ཡིན་རུང་།
ལྕགས་ཚ་ཐོག་ནས་བརྡུང་།
བདེ་སྐྱིད་སྡུག་བསྔལ་ལས་བཙལ་ཏེ།
གསོན་ངོགས་ཀྱི་གླུ་ཞིག་ལེན།
རྩོམ་གསར། 10