མིང་མེད།

ལྗང་རླུང་།        2018-07-25

རྨི་ལམ་ནང་དུ་བྲིས་པ་ཡི།།

སེམས་ཀྱི་རི་མོ་ཚོན་མེད་མ།།

དར་ལྕོག་བཞིན་དུ་གཡོ་བའི་དུས།།

དྲ་མའི་ངོས་ཀྱི་ཁ་རླངས་ལས།།

སྐར་ཚོགས་མེ་ཏོག་ཇི་བཞིན་དར།།

རི་སྒང་དེ་ནི་འཇམ་ཐིང་ཐིང་།།

གོམ་གསུམ་མདུན་དུ་སྤོས་པ་ལས།།

རུས་པའི་གསེང་ནས་ཕྱིར་མིག་རྡོལ།།

རླུང་ནང་བལྟམས་པའི་ཕྱེ་མ་ལེབ།།

མར་མེའི་ཁ་རུ་ལྕེབས་པའི་ཚེ།།

མི་འགྱུར་རི་མོ་ཚོན་མེད་མ།།

ཡུག་ཡུག་འདར་བཞིན་མཁའ་རུ་འཕགས།།

ཧ་ཅང་སྐྱོ་སྣང་འཆར་བའི་ཚེ།།

དབུགས་ནི་ཆུ་བོ་བཞིན་དུ་འཕེལ།།

གློག་སྒྲོན་འོག་གི་མིག་ཟུང་ལས།།

སྲང་ལམ་དེ་ནི་མཛེས་པར་གྱུར།།

གླིང་བུ་འབུད་པའི་རྩོལ་བ་ལས།།

སྟོང་པའི་སྒྲ་ནི་བྲག་ཆ་ལྟར།།

ལོ་དང་ཟླ་བ་ཕྱེད་ཀ་ལ།།

རྫོགས་ཚིག་རི་མོ་བྲིས་པའི་ཚེ།།

མི་འགྱུར་བྲག་ལ་བརྐོས་པ་ཡི།།

སྟོང་པའི་སྒྲའང་རྒས་འགྱུར་ཏེ།།

རྒྱ་ཕིབས་ངོས་ནས་འཛག་པ་ཡི།།

ཆུ་ཐིགས་ས་ལ་བབས་པ་བཞིན།།

ཉི་འོད་ཐོད་པར་ཕོག་གྱུར་ཚེ།།

སྨིན་མས་གར་གྱི་ཕྱག་རྒྱ་བཞེངས།།

མེ་ལོང་ངོས་སུ་བཏབ་པ་ཡི།།

འགྱིག་གི་མེ་ཏོག་མདངས་ལེགས་མས།།

གཙུག་ཕུད་སྤྲད་པའི་ལྷ་མོ་ནི།།

རླུང་འཚུབ་ཁྲོད་ནས་གང་དུ་འཕུར།།

གལ་ཏེ་བདག་འདི་སད་གྱུར་ཀྱང་།།

རྨི་ལམ་སྔར་བཞིན་གནས་ངེས་ཏེ།།

སྟོང་པ་ཉིད་ཀྱི་བྲག་ཆ་ལས།།

རྫི་གླུ་ཁྲ་མོ་ཤུགས་ཀྱིས་འབར།།

མར་མེའི་འོད་འདིས་གང་གསལ་ལོ།།

མུན་པ་སྔར་གྱི་བཞིན་དུ་འཚོ།།


  • ལེ་ཚན་སྔོན་མ།:བདེ་སྐྱིད།
  • ལེ་ཚན་རྗེས་མ།:ལབ་བརྡོལ་ཐོར་བུ།