བོད་རྗེ་སྲོང་བཙན་སྒམ་པོ་རྗེས་སུ་དྲན་པ།

ནགས་སྒྲ་ལྕེ།        2018-07-13

རྒྱལ་ཀུན་བརྩེ་ཆེན་ཆུ་གཏེར་རབ་རྒྱས་རྦ་རླབས་ཕྲེང་བའི་དཀྱིལ་འཁོར་ལས།།

རིག་པའི་ཐུགས་རྒྱུད་ཕྱག་ན་པདྨོ་ཟླ་གཞོན་འཛུམ་པའི་རྦ་རླབས་རྒྱས།།

ལས་དབང་བཟང་པོས་ཞབས་ལ་འཁྲུངས་པའི་བསིལ་ལྡན་ཁ་བའི་ཞིང་ཁམས་སུ།།

ལུགས་གཉིས་དྲང་བོར་སྲོང་ལ་བཙན་ཞིང་སྒམ་པའི་འོད་ཟེར་གླིང་བཞི་ཁྱབ།།

 

ས་དབང་ཚིག་གི་ལ་རྒྱ་མ་ཉམས་སྲ་མཁྲེགས་རྡོ་ལ་བརྐོས་དང་མཚུངས།།

འཇམ་དཔལ་སྤྲུལ་བའི་གར་སྟབས་ཁྱེའུ་ཆུང་རྒྱལ་བློན་ཐོན་མི་འཁོར་དང་བཅས།།

ས་སྟེང་འབྲས་བུ་དཀོན་པའི་ཁྱད་པར་ནོར་བུ་གསེར་གྱི་རྫོགས་པ་ལ།།

རིག་པའི་རྦ་རླབས་སྣ་ཚོགས་འཕྱོར་བའི་གནས་མཆོག་འཕགས་ཡུལ་ཕྱོགས་སུ་བཏང་།།

 

དབྱངས་གསལ་སོ་བཞིའི་རང་མདངས་གཟི་འོད་གངས་རིའི་ལྗོངས་སུ་འཕྲོ་བ་ལས།།

བཅུ་ཕྲག་རིག་པའི་གཞུང་ལུགས་བགྲང་མེད་གཙུག་ལག་ཁང་དུ་ཞེན་ཆགས་བྱས།།

བརྡ་སྤྲོད་རིག་པའི་བསུང་ཞིམ་ཆོལ་ཁ་གསུམ་ལ་རིག་ལམ་བཟང་པོ་འཐོར།།

ཐུགས་རྗེའི་བྱིན་དང་དམངས་ཕན་རྗེ་བོ་སྙིང་དབུས་དད་པའི་སྤུ་ལངས་ལྷན།།

 

གངས་རིའི་ཁྱིམ་དུ་བསུས་པའི་རྟེན་སྐལ་རྒྱལ་བའི་སྐུ་འདྲ་ཉི་ཟླ་ཟུང་།།

གཙུག་ལག་ཁང་དང་གྲུ་འཛིན་ཕོ་བྲང་ཕྱི་ནང་ཀུན་ལ་ནོར་བུའི་མཛོད།།

དུས་ཀྱི་མཐར་ཡང་ཉམས་པ་མེད་པར་སྐྱེ་རྒུའི་ལེགས་ཚོགས་ཞིང་མཆོག་ཏུ།།

གཟི་བྱིན་ཉི་ཟླའི་འོད་སྣང་བཅས་པར་ཟླུམ་གཟུགས་གོ་ལའི་རྩེ་ལ་འགྱིང་།།


  • ལེ་ཚན་སྔོན་མ།:ཆར་བ་བཞིན་ངའི་ནང་སེམས་སུ་བབས་པའི་ཁྱོད།
  • ལེ་ཚན་རྗེས་མ།:བདག་གི་ཨ་མ་དང་ངེད་གཉིས།