ཆར་བ་བཞིན་ངའི་ནང་སེམས་སུ་བབས་པའི་ཁྱོད།

དཀར་མེ།        2018-07-13

མཁའ་ངོགས་ནས་ཟེགས་པའི་ཆར་ཐིགས་རེ་རེའི་སྟེང་།

བརྩེ་བ་གཉོམ་པོ་ཞིག་ལྷོད་ཀྱིས་འཁྱིལ།

ཅི་ཞིག་ལ་འཛེམ་དོགས་བྱེད་པ་ནང་ལྟར།

ངའི་གདོང་ལ་ཡུན་གྱིས་བབས།

ཨ་ཅང་ལྷིང་འཇགས་ཀྱིས་བབས།

ཆར་ཐིགས་དེ་དག་ངའི་གདོང་ལ་སིམ་རྗེས།

ལུས་ཀྱི་བུ་ག་རེ་རེར་ཐིམ་ཞིང་།

དྲོད་འཇམ་གྱི་སེམས་པ་འདིའི་གསེབ་ནས།

མེ་ཏོག་ཅིག་བཞད།

མིང་མི་ཐོགས་པའི་མེ་ཏོག་ཅིག་བཞད།

སྣང་བའི་ཧྲག་བར་ནས་འབུས་པའི།

དགའ་དུང་མཚོན་པའི་མེ་ཏོག་དེ།

མི་ལོ་གང་མང་ཞིག་གི་སྔ་རོལ་དུ།

ཁྱོད་མཚོན་བྱེད་ཡིན་ལ། ང་མཚོན་བྱེད་ཀྱང་ཡིན་སྲིད།

དུས་དེ་ནས་བཟུང་།

དགའ་དུངས་ཀྱི་སེམས་པ་མཚོ་རླབས་བཞིན་འཕྱོས་ནས།

ངའི་དྲན་འཛིན་གྱི་ཡལ་གར་ཁྱོད་རང་ཐོགས།

འགྱུར་མེད་ཀྱི་སེམས་པས་ཁྱོད་རང་བཅིབས།


  • ལེ་ཚན་སྔོན་མ།:འགྱུར་ལྡོག
  • ལེ་ཚན་རྗེས་མ།:བོད་རྗེ་སྲོང་བཙན་སྒམ་པོ་རྗེས་སུ་དྲན་པ།