ཉི་མ་རྡོ་རྗེ། 2018-06-01
བཀྲ་ཤིས་དུས་བཟང་དྲུག་པའི་ཚེས་གཅིག་ཤར།།
བྱིས་པའི་གདོང་ན་འཛུམ་མདངས་ཤིག་སེ་ཤིག།
སློབ་གྲྭའི་ཕྱོགས་སུ་དགའ་བའི་དགོད་སྒྲས་ཁེངས།།
ང་ཚོ་བྱིས་པའི་དུས་སྟོན་རོལ་དུ་འགྲོ།།
དཀར་ལ་དམར་མདངས་གཞོན་ཤ་རྒྱས་པའི་གདོང་།།
ཁྲ་ཐར་ཐར་གྱི་རྣམ་རིག་རྨད་དུ་བྱུང་།།
གཡོ་སྒྱུ་མེད་པའི་སེམས་པ་རྩེད་དགར་རོལ།།
བྱིས་པའི་དུས་ནི་སློབ་གྲྭའི་ནང་ནས་འདས།།
དགུན་གྱི་དུས་སུ་གྲང་བས་ཀུན་ནས་གཙེ།།
ཁ་བའི་འདབ་མས་གནམ་ས་བཀང་བའི་ཁྲོད།།
རིལ་རིལ་དཔེ་ཁུག་འཕོངས་ཚོས་འགོར་དྲུད་བཞིན།།
ང་ཚོ་བྱིས་པ་སློབ་གྲྭའི་ཕྱོགས་སུ་བསྐྱོད།།
དབྱར་གྱི་ཚ་གདུག་ཆེ་བའི་ཉི་འོད་དང་།།
ཐོག་འབྲུག་གློག་གསུམ་འཁྱུག་པའི་འཇིགས་སྐྲག་ཁྲོད།།
ཆུ་འདམ་བཙོག་པ་ལུས་སུ་བསྒོ་བཞིན་དུ།།
ང་ཚོ་བྱིས་པ་སློབ་གྲྭའི་ཕྱོགས་སུ་བརྒྱུགས།།
སྟོན་གྱི་ལོ་ལེགས་བསྡུ་བའི་དུས་དང་བསྟུན།།
ང་ཚོ་བྱིས་པས་ལོ་མཇུག་རྒྱུགས་ཡིག་ལེན།།
རང་རང་སོ་སོའི་སྦྱངས་འབྲས་བཟང་ངན་ལྟར།།
ང་ཚོ་བྱིས་པས་གཅར་རྡུང་ཉོ་བར་རྩོམ།།
དུས་ཚིགས་བཞི་ཡི་འགོ་མ་དཔྱིད་དེ་སླེབས།།
སློབ་གྲྭ་ཚུགས་པའི་བརྡ་ཐོ་འབྱོར་དང་ལྷན།།
སློབ་གྲྭའི་ཕྱོགས་སུ་དགའ་མཆོང་རྩེད་མོའི་ངང་།།
ང་ཚོ་སློབ་མས་ཤེས་རིག་སྦྱོང་དུ་འགྲོ།
དུང་སོའི་བར་ནས་ཀ་མད་སུམ་ཅུ་འདོན།།
རིག་གནས་མང་པོའི་རྨང་གཞི་འཇོག་ལ་བྲེལ།།
ཁང་ཆེན་བཞེངས་པར་རྨང་གཞི་སྲ་བརྟན་བཞིན།།
ཤེས་ཡོན་སྦྱང་བའི་སྤོབས་པ་མཁའ་དང་མཉམ།།
གནའ་བོའི་དཔལ་ཡོན་རྒྱལ་ཁབ་བཞི་པོ་དང་།།
བགྲང་བྱ་ལྔ་སྟོང་ལྡན་པའི་ལོ་རྒྱུས་དང་།།
རང་རིགས་བཅུ་ཕྲག་རིག་པའི་མཛེས་སྡུག་རྣམས།།
ང་ཚོ་བྱིས་པས་སྦྱང་བའི་སྟ་གོན་བྱེད།།
རྒྱུན་དུ་སློབ་སྦྱོང་བྱེད་པའི་ངང་ཚུལ་ལས།།
རང་བློ་ཚིམ་པའི་རྩེད་མོ་རྩེ་ཁོམ་མེད།།
དེ་རིང་བྱིས་པའི་དུས་ཆེན་རོལ་དང་བསྟུན།།
ང་ཚོ་བྱིས་པ་རྩེད་མོ་རྩེ་བར་བྲེལ།།
དུས་ཆེན་སྟེང་དུ་རང་རང་ཁྱད་ཆོས་བཏོན།།
བྲོ་གར་རོལ་རྩེད་གླུ་དབྱངས་ལེན་པ་དང་།།
ཁ་ཤགས་རྩེད་མཆོངས་ཧ་ཧའི་དགོད་སྒྲའི་ཁྲོད།།
མཚན་མོའི་ཟླ་བ་མགྲོན་གྱི་ཚུལ་བཞིན་བསུ།།
རྒྱལ་སྤྱིའི་བྱིས་པའི་དུས་ཆེན་རྨད་དུ་བྱུང་།།
ས་སྒང་གཅིག་གི་གྲོགས་པོ་ཡོད་ཚད་དེ།།
ཉི་མ་གང་བོར་རྩེད་འཇོར་རོལ་བཞིན་དུ།།
ལག་རྡང་སྦྲེལ་ནས་མདུན་སྐྱོད་བྱེད་པར་འདོད།།
རྩོམ་གསར། 10