རེ་འདོད་ཡིད་ཀྱི་འབོད་པ།

སྟག་རིག་འབྲུག་ཐར།        2018-05-18

ཨ་སྔོན་འགྲིམ་པའི་ཉི་ཟླས།།

གླིང་བཞིའི་མུན་པ་སེལ་སོང་།།

ཡིད་ཀྱི་རྨོངས་པའི་མུན་པ།།

ཉི་ཟླས་སེལ་ན་སྙམ་བྱུང་།

 

མཁའ་ལྡིང་དབྱར་སྐྱེས་རྔ་སྒྲས། །

རྨ་བྱའི་སྒྲོ་གུར་བརྐྱངས་སོང་།།

ཕུགས་བསམ་གསེར་གྱི་གཤོག་པ། །

ལྷན་ཅིག་བརྐྱང་ན་བསམ་བྱུང་། །

 

དྲི་བཞོན་བསིལ་བསིལ་རླུང་བུས། །

རྩྭ་ལྗང་མྱུ་གུ་རྒྱས་བྱུང་། །

རིག་པའི་བློ་ཡི་ཁོ་ལག།

རླུང་བུས་བསྐྱེད་ན་བསམ་བྱུང་། །

 

དལ་འབབ་གཙང་ཆུ་སྔོན་མོས།།

མེ་ཏོག་ཞལ་ཁ་ཕྱེ་སོང་།།

ཤེས་བྱའི་ལྗང་མྱུག་གསར་པ།

གཙང་ཆུས་བཏེགས་ན་བསམ་བྱུང་།།

 

ལྷ་བྱ་ཁུ་བྱུག་སྔོན་མོས།།

དཔྱིད་དཔལ་བུ་མོ་བསུ་བྱུང་།།

རྒྱང་རིང་སེམས་ཀྱི་འདུན་མ། །

ལྷ་བྱས་དྲངས་ན་སྙམ་བྱུང་། །

 

ལྷ་ཤིང་ཙན་དན་ལྗོན་པས།།

བསང་ཞིམ་ཕྱོགས་སུ་བསྟབས་སོང་།།

རྩ་བའི་བླ་མའི་ཐུགས་རྗེ།།

རིས་མེད་བྱིན་གྱིས་རློབས་ཤིག།

 

དུང་གི་ཟླ་བ་དཀར་པོས།།

མཛེས་སྡུག་ཀུ་མུད་གྲོལ་སོང་། །

སྐྱོ་སྡུག་ཁོང་གི་ན་ཟུག།

དུང་ཟླས་གྲོལ་ན་སྙམ་བྱུང་། །

 

དལ་འབབ་རྫ་ཆུ་སྔོན་མོས། །

ཡིད་ཀྱི་སྐོམ་གདུངས་སེལ་བྱུང་། །

འབྱུང་འགྱུར་ཕུགས་ཀྱི་རེ་སྨོན། །

ཁད་ཀྱིས་སེལ་ན་སྙམ་བྱུང་། །

 

ཚོར་བའི་གློག་གི་འགྱུ་བས། །

སེམས་ཀྱི་སྨྱུག་ཆུང་སྒུལ་བྱུང་། །

རེ་འདོད་ཡིད་ཀྱི་འབོད་པ། །

ཚོམ་མིན་ཁོང་ནས་བརྡོལ་བྱུང་། །


  • ལེ་ཚན་སྔོན་མ།:འདི་ནས་ཕར་ལ་འགྲོ།
  • ལེ་ཚན་རྗེས་མ།:སྐད་འཕྲིན།