སྟག་རིག་འབྲུག་ཐར། 2018-04-09
ང་རང་ནམ་རྒྱུན་རི་གན་གྱི་ཉག་ག་གན་དུ་འགོས་ནས།
གློག་འོད་ཁྲ་ཆིལ་དགུ་ཆིལ་གྱི་ཡུལ་གྲུ་འདིར་རྒྱང་ལྟ་བྱེད་བཞིན་ཡོད།
ཡུལ་གྲུ་འདིར། སྐད་རིགས་ཆ་མ་ཆོམ་མེའི་འཐོར་རླུང་དྲག་ཏུ་འཚུབ་ཅིང་།
སྦྲགས་སྐད་ད་ན་དིག་གི་སྤྲིན་ནག་ལང་ལོང་འཁྲིགས་ལ།
ཡིག་ནོར་གྱི་དྲག་ཆར་ཤག་ཤག་ཏུ་འབབ་ཀྱིན་འདུག
འདི་ལྟར་མུ་ནས་མུ་རུ་རྒྱུན་སྲིང་ན། གནས་འདི་རུ།
ཕ་སྐད་ཀྱི་གཟི་འོད་འཕྲོ་རྒྱུ་ནི་རུས་སྦལ་གྱི་སྤུ་དང་ནམ་མཁའི་པད་མོའོ།།
རེ་འགར།
ཡུལ་གྲུ་གན་གྱི་སྲང་ལམ་བརྒྱུད་དེ་མི་ཚོགས་གསེབ་ནས་ག་ལེར་བགྲོད་དུས།
ཨ་གསར་གྱི་ཐལ་རྡུལ་མིག་ལ་འཚང་ཞིང་།
གཡམ་རྒྱུག་གི་སྲོལ་ངན་ཆུ་བོ་བཞིན་བྲུག་པས།
རིགས་ཞེན་གྱི་ས་བོན་གནས་ས་འདིར་ཇི་ལྟར་སྨིན་ཨང་།
ཐ་ན། རང་ཉིད་ཀྱི་ཕ་རྒྱུད་མ་ཁུངས་གང་ལས་ཆད་པའང་གཏན་ནས་ཚོར་གིན་མེད།
ཕ་སྐད་ལགས། དབྱངས་གསལ་སོ་བཞི།
ཁྱེད་ནི་བོད་རྒྱལ་སྲོང་བཙན་གྱི་ཐུགས་བརྩེ་ལས་འཁྲུངས་པའི་ཡལ་མེད་ཀྱི་ཉི་ཟླ་ཡིན།
ཁྱེད་ནི་ཐོན་མི་ཨ་ནུའི་རྣམ་དཔྱོད་ལས་བཞད་པའི་གསེར་གྱི་གླེགས་བམ་ཡིན།
ཁྱེད་ནི་བཙན་པོའི་དམག་དཔུང་གི་མཚོན་ཆ་ལས་བརྡོལ་པའི་རྟག་བརྟན་གྱི་བ་དན་ཡིན།
ཕ་སྐད་ལགས། ཁྱེད་ཡོད་སའི་ཁྱིམ་གཞིར་དགོད་སྒྲའི་སོ་དཀར་འཛུམ་ཞིང་།
ཁྱེད་ཡོད་སའི་ཁོར་ཡུག་ལ་མར་རྩམ་གྱི་བསུང་ངད་ལྡང་།
ཕ་སྐད་ལགས། གལ་སྲིད། ནམ་ཉི་མ་ཞིག་ལ།
ཁྱེད་མེད་པར་འགྱུར་ཚེ་བོད་ཁམས་འདི་སྨག་རུམ་མུན་པས་ཡོངས་སུ་བསྒྲིབས་སྲིད་ལ།
ཁྱེད་མེད་པར་འགྱུར་ཚེ་ཡུལ་གྲུ་འདི་རྣ་ལ་གཟན་པའི་ཆོ་ངེ་ཡིས་མནར་སྲིད།
འོན་ཀྱང་།
བླ་དང་སྲོག་གིས་གྲུབ་པའི་ཕ་སྐད་འདི།
བལྟས་བལྟས་རིག་རིག་ཏུ།
ལས་བྱེད་པའི་ཁ་མིག་བར་ན་ཉམ་རེ་ང་།
སློབ་མ་ཚོའི་བཤད་སྒྲོས་བར་ན་བོངས་རེ་ཆུང་།
གྲོང་ཁྱེར་བའི་ཕྱག་ཟུང་འོག་ན་བསྣད་སྐྱོན་ཐེབས་པའི་ནད་པ་བཞིན།
ཤེས་མེད་ཚོར་མེད་དུ་དམར་གསོད་བཏང་དང་གཏོང་བཞིན་པ་ཨ་ཚ་ཚ།
ཕ་སྐད་ལགས།
དབྱངས་གསལ་སོ་བཞི།
ཁྱེད་ནི་མི་རིགས་འདིའི་བླ་དང་སྲོག་ཡིན།
ཁྱེད་ནི་ཡབ་མེས་ཀྱིས་ངེད་ཅག་ལ་གནང་བའི།
ཆེས་མཐར་མཇུག་གི་རྫོངས་པ་ཉག་ཅིག་ཡིན།
མདོར་ན། ཁྱེད་ནི་ངེད་བོད་པ་ཚང་གི་གདུང་འདེགས་ཀྱི་ཀ་བ་དེ་མིན་ནམ།
ཕ་སྐད་ལགས།
ཁྱེད་ཡོད་དུས་པོ་ཏ་ལའི་གཟི་མདངས་འོད་ཀྲིག་ཀྲིག
ཁྱེད་ཡོད་དུས་ཆོལ་གསུམ་གྱི་ནང་ཁོག་དྲོད་ལམ་ལམ།
ཕ་སྐད་ལགས།
གལ་ཏེ། ཁྱེད་མེད་ཚེ་གངས་སེང་དཀར་མོས་གཡུ་རལ་ཇི་ལྟར་གསིག
ཁྱེད་མེད་ཚེ་བྲེ་སེར་འབྲོང་གིས་རྭ་རྩེད་ཇི་ལྟར་བྱེད།
འོན་ཏེ། ཕ་སྐད་འདིའི་རིན་ཐང་ཤེས་བཞིན་དུ།
ཕ་སྐད་འདིའི་གཟི་མདངས་རྟོགས་བཞིན་དུ།
རྒན་རབས་པའི་སློབ་གསོའི་གསེང་ན་ལྟག་ཆུ་ཆད་པའི་རྫིང་བུ་བཞིན།
ན་གཞོན་ཚོའི་ཨ་གསར་ཀློང་ན་རྩ་བ་སྐམ་པའི་ལོ་ཏོག་ལྟར།
བྱིས་པ་ཚོའི་མཚར་སྣང་དཀྱིལ་ན་ནུས་པ་ཤོར་པའི་རྩེད་ཆས་བཞིན།
ཇི་འདྲའི་ཉམ་ཐག་ཅིང་ཉག་ཕྲ།
དེང་སང་།
བསོད་ནམས་ཞིང་གི་མི་བུ་དག་གིས།
ཕ་སྐད་བསྐྱུར་ཏེ་སོ་སོའི་ལམ་བུ་དོག་པོ་རེ་བདམས་ནས།
སྙིམ་པའི་མཐིལ་གྱི་བྱེ་མ་ཇི་བཞིན་ཁ་ཁར་འཐོར་གྱིན་འདུག
གནའ་མི་བོད་ཀྱི་གཏམ་དཔེ་ལ།
“ཕ་ཡུལ་བརྗེད་ཀྱང་ཕ་སྐད་མ་བོར”ཟེར་བ་མིན་ནམ།
ཡིན་ཡང་། དེ་རིང་།
ཕ་སྐད་དང་ང་ཚོའི་བར་ལ།
བརྟན་བརླིང་གི་རི་བོ་ཞིག་གིས་འཕྲེད་དུ་བཅད་འདུག
སྦྲགས་སྐད་ཀྱི་ནད་འབུ་ཞིག་གིས་དམ་གྱིས་བསྡམས་འདུག
ཕ་སྐད་ལགས།
ཤ་གསེང་དུ་ཟུག་པའི་རུས་པ་དཀར་པོ།
རྩ་ལམ་ན་བཞུར་བའི་ཁྲག་རྒྱུན་དྲོན་མོ།
མི་རིགས་ཀྱི་ཆགས་འཇིག་ལ་བཀལ་བའི་དབྱངས་གསལ་སོ་བཞི།
ཁྱེད་ཉིད་ཚད་འདིར་ལྷུང་དུས།
ངའི་ཟུངས་ཁྲག་དམར་པོའི་བཞུར་རྒྱུན་འགག་ཅིང་།
ངའི་སྙིང་ཆུང་དམར་པོའི་འཕར་ལྡིང་ཆད།
ཀྱི་ཧུད།
ངའི་ཕ་སྐད།
ཁྱེད་ནི་དགུང་ཁའི་ཉི་མ་ལྟར་དོ་དགོང་ཡལ་སོང་རུང་།
ཞོགས་ཁའི་ཉི་མ་ལྟར།
སང་ཉིན།
ཤར་ཕྱོགས་སྣང་བའི་དབྱིངས་ནས།
སླར་ཡང་འཕྲོས་འོང་ངམ།
རྩོམ་གསར། 10