ཞིང་ཕྲུག་སྨྱོན་པ། 2018-04-09
སླར་ཡང་ཁ་བ་བབས་སོང་།
སྟག་གི་མཆེ་བ་གཙིགས་པའི་ནམ་ཟླ་དེར།
ཁ་བ་ནི་ཇི་འདྲ་སྙིང་རྗེ་མེད་པ་ཞིག་རེད་ཨང་།
ནམ་ཟླ་དུག་སྦྲུལ་གྱི་ལྕེ་བཞིན་རྒོལ་ཡོང་དུས།
ངའི་ཨ་མ་དང་ངའི་ཨ་ཇོ།
ཅི་འདྲའི་འཁྱགས་ཨང་།
སེམས་པའི་ཞིང་ས་ཁ་བས་བརླན་དུས།
ངས་ཁ་བའི་ཁྲོད་དུ་གནས་པའི་ཨ་ཇོ་ཁྱེད་རང་དྲན།
ཨ་ཇོ། ཁྱེད་ཀྱི་སེམས་པའི་ཞིང་ས་ན་ཁ་བ་འབབ་ཀྱིན་འདུག
ཨ་ཇོ། ཁྱེད་ཅི་འདྲའི་འཁྱགས་ཀྱང་།
འཚོ་བ་ཁ་བའི་རྡོག་པོ་བཞིན་ཁྱེད་ཀྱི་སེམས་པ་ན་བབས་དུས།
ཨ་མའི་དཔྲལ་བ་ན་ཁ་བ་ལྟ་བུའི་གཉེར་མའི་བང་རིམ་ཆགས་ཟིན།
ཁྱོད་ཀྱི་སེམས་པ་ན་ཁ་བའི་གྲང་ཟུག་གི་རྨ་ཁ་གྲངས་མེད་བཟོས་ཟིན།
ལོ་འདི་དག་ནང་། ཁྱོད་ཀྱི་ཁ་བའི་ཁྲོད་དུ།
ཤར་གྱི་ཉི་ཟེར་ལ་རེ་མྱོང་། ཚག་ཚག་གི་མེ་སྟག་ལ་ཆགས་མྱོང་།
ཡིན་ནའང་། ཨ་ཇོ་ཁྱོད་ནི་ཅི་འདྲའི་གྲང་ཞིང་ཅི་འདྲའི་འཁྱགས།
ཨ་ཇོ། ངའི་དཔེ་དེབ་ཀྱི་གསེང་ན་ཁྱེད་ཀྱི་
འཛུམས་མདངས་མི་འདུག
ཁྱིམ་ཚང་མཉམ་འཛོམས་ཀྱི་དགོད་སྒྲའི་ཁྲོད་ཁྱེད་མི་འདུག
ཨ་ཇོ། ཁྱོད་ཁ་བ་བབས་སའི་ཡུལ་ཞིག་ན།
གཅེས་པའི་ཕྲུ་གུ་དང་ལྷན་དུ་རྩེད་བཞིན་ཡོད་ལ།
གྲང་ཟུག་ཆེ་བའི་སྨྲ་ལྕེ་ནག་པོ་ཞིག་གི་ལེ་ཁག་གྲངས་མེད་མྱོང་བཞིན་ཡོད།
ཨ་མས་མཚན་མང་པོ་ཞིག ཨ་ཕས་ཉིན་མང་པོ་ཞིག
ཨ་ཇོ། ཁྱེད་ཀྱི་སེམས་པ་ན།
འཚོ་བའི་མནར་གཅོད་ཀྱི་ཁ་བ་འབབ་བཞིན་འདུག
ཁྱིམ་ཚང་ཞིག་གི་ཁ་བའི་གྲང་ཟུག་གི་རླུང་བུ་ལྡང་བཞིན་འདུག
ཨ་ཇོ། ཁྱོད་ཅི་འདྲའི་འཁྱགས་ཨང་།
མཚན་མོ་དེར།
ངའི་སེམས་པ་ཡང་ཁྱོད་ཀྱི་ཁ་བས་བརླན་སོང་།
ངའི་རྨི་ལམ་ན་ཡང་ཁྱེད་ཀྱི་ཁ་བ་འབབ་བཞིན་འདུག
ཨ་ཇོ་ཁྱོད་ནམ་ཡང་བདེ་སྐྱིད་ཡོང་བར་ཤོག
ཁ་བ་ལེབ་མོ་ས་གཞིར་བབས་ན་བཟང་།
ཁ་བ་རྡོག་པོས་རྩྭ་ལྗང་མྱུ་གུར་འདྲེན།
ཁ་བ་ལྷབ་ལྷུབ་རི་རྩེར་བབས་ན་བཟང་།
ཁ་བ་གངས་ཅན་ཕ་མ་གངས་རི་ཡོད།
ཁ་བ་གྲང་མོ་སེམས་ལ་བབས་པའི་དུས།
ཁ་བའི་གཅེན་གཅུང་གཉིས་པོའི་སེམས་ལ་བརླན།།
རྩོམ་གསར། 10