སྒ་རྒན་ཀུན་བཟང་རིག་འཛིན 2018-03-28
བར་དོའི་མཚམས་ནས་གར་འགྲོའི་རང་དབང་ཞིག་མེད་དུས། །
སྔོན་མའི་ཚོགས་བསགས་ལས་ཀྱིས་འབྲས་བུ་རུ་སྨིན་པས། །
རྣམ་ཤེས་ཕྲ་མོ་ཨ་མས་མངལ་ཁོང་དུ་རུམ་ནས། །
རིན་བྲལ་དལ་འབྱོར་མི་ལུས་ཨ་མ་ཡིས་གནང་བྱུང་། །
གང་འདོད་ཞིམ་ཟས་སྤྱོད་པའི་དང་ཁ་ཡང་ཉམས་ཤིང་། །
གླུ་དང་བྲོ་གར་འཁྲབ་རྒྱུའི་སྤྲོ་འཛོམས་ལས་བྲལ་ཏེ། །
དགའ་ཞེན་དད་མོས་ཡོད་ཚད་བློས་གཏོང་གི་ངང་ནས། །
ཟླ་དགུ་ཞག་བཅུར་ཨ་མས་ཁོག་ནང་དུ་ཁུར་བྱུང་། །
སྔར་མེད་བཟོད་པར་དཀའ་བའི་ན་ཟུག་ཅིག་མྱོང་ཞིང་། །
དཀར་ནག་ཤི་གསོན་གཉིས་ཀྱི་ལམ་མདོ་རུ་བྱོན་ནས། །
ངལ་བའི་རྔུལ་ཆུས་སྐུ་ལུས་བརླན་པ་དང་ལྷན་དུ། །
མི་ཡུལ་འདི་རུ་ལྟད་མོར་ཨ་མ་ཡིས་ཁྲིད་བྱུང་། །
ལོ་གསུམ་མཆིན་པར་གླན་ནས་ནུ་ཞོ་ཡིས་སྐྱོང་ཞིང་། །
ཚ་གྲང་ལྟོགས་སྐོམ་སྐབས་ཀྱི་ངུ་སྐད་ལ་བསྒོམས་ནས། །
ཉིན་མོའི་ལས་དང་མཚན་མོའི་གཉིད་ཐེབས་ཀྱང་ཆག་ཏེ། །
སྙིང་གི་ཚི་ལུ་བཞིན་དུ་ཨ་མ་ཡིས་བསྐྱངས་བྱུང་། །
འགྲོ་སྡོད་སྤྱོད་ཀྱི་ཚུལ་སོགས་ངང་རིང་གིས་བསླབ་ལ། །
གར་འགྲོ་གར་འདུག་སྤྱན་གྱིས་ཡང་ཡང་དུ་འཚོ་ཞིང་། །
བསམ་དང་དྲན་པའི་ངོས་སུ་བུ་ཆུང་ལས་མེད་པས། །
གང་ཞིམ་གང་ཡག་བདག་ལ་ཨ་མ་ཡིས་གནང་བྱུང་། །
ནར་གསོན་བུ་ཆུང་ལས་ཀྱི་གཞན་ཡུལ་དུ་འགྲོ་སྐབས། །
སྙིང་གི་གཅེས་ཕྲུག་བྲལ་བའི་སྐྱོ་གདུང་གི་ངང་ནས། །
རིན་བྲལ་བཀའ་སློབ་དུ་མ་བུ་ཆུང་ལ་གནང་བཞིན། །
བྲལ་ཁར་མིག་ཆུའི་སྐྱེལ་མ་ཨ་མ་ཡིས་གནང་བྱུང་། །
བུ་ཡི་བདེ་སྐྱིད་ཨ་མའི་རེ་བ་དེ་ཡིན་ཞེས། །
མི་ལོ་བཅུ་ཕྲག་བུ་ཆུང་སློབ་གྲྭ་རུ་བཏང་ནས། །
སྒོར་མོ་སྟོང་ཕྲག་རྔུལ་ཆུའི་རྡོག་པོ་ཡིས་འཇལ་ཏེ། །
ང་ཡི་བདེ་སྐྱིད་ལམ་བུ་ཨ་མ་ཡིས་བསྟན་བྱུང་། །
ཡོད་ཚད་བུ་ཡི་ཆེད་དུ་གཏོང་ཕོད་ཀྱི་དཔའ་མོ། །
བྱམས་བརྩེའི་གཟི་མདངས་ནམ་ཡང་ཟུམ་མེད་ཀྱི་མཁའ་འགྲོ། །
བུ་ལ་དྲོ་སྐྱིད་གནང་མཁན་རྟ་བདུན་གྱི་དབང་པོ། །
ཚེ་གཅིག་བདག་ལ་བརྩེ་བའི་དྲིན་ཆེན་གྱི་ཨ་མ། །
ཁྱེད་ཀྱི་དྲིན་ལས་བུ་ཆུང་རང་མགོ་དེ་ཐོན་པས། །
གཅིན་དང་བཙོག་པ་ཡོད་ཚད་ལག་པ་ཡིས་ཕྱིས་ཤིང་། །
སྣབས་རྟུག་ཁ་ཡིས་འཇིབས་པའི་དུས་སྐབས་དེ་དྲན་བཞིན། །
དབང་མེད་བསྟོད་པའི་ཆོ་ལོ་ཁྱེད་ཕྱོགས་ལ་ཤོར་འགྲོ། །
བྱམས་དང་བརྩེ་བའི་དྲིན་ལན་གཞལ་བ་ནི་དཀའ་བའི། །
དྲིན་ཆེན་ཨ་མའི་བཀའ་དྲིན་སེམས་ཁོང་ན་དྲན་བཞིན། །
དཀོན་མཆོག་གསུམ་ལ་ཐལ་མོ་སྙིང་ཁ་རུ་སྦྱར་ནས། །
ནད་མེད་ཚེ་རིང་ཡོང་བའི་སྨོན་ལམ་ཞིག་བཏབ་ཡོད། །
རྩོམ་གསར། 10