འཁོན་སྲས་རྣོ་ཟེར། 2017-12-25
ཕ་མཐའ་མི་མངོན་འཁོར་བའི་གྲོང་ནས།།
ཕ་གཅིག་བླ་མར་གསོལ་བ་འདེབས་དུས།།
ཕ་རོལ་ཕྱིན་བཅུའི་དགོངས་དོན་རྟོགས་པའི།།
ཕ་རྒན་གང་གིས་རྗེས་བཟུང་མཛོད་ཅིག།
ཕ་ལོ་རྒྱང་ལ་བཞུད་པའི་ཤུལ་ན།།
ཕ་སྐད་ཕ་ཆོས་བསྟན་པ་ནུབ་དུས།།
ཕ་བཟང་བུ་དང་བུ་མོའི་དཔུང་སྡེས།།
ཕ་ཤུལ་བུ་ཡིས་ཨེ་ཟིན་ལྟོས་ཤིག།
ཕ་དང་མེས་པོའི་སྲོག་གི་རིན་ཐང་།།
ཕ་རོལ་བདུད་སྡེས་ཨེ་ཆོམ་ལྟ་དུས།།
ཕ་མའི་སེམས་རྟེན་བུ་དང་བུ་མོས།།
ཕར་ལྟ་ཚུར་ལྟ་བྱས་ཏེ་མ་འདུག།
ཕ་ཁྱིམ་འདི་བ་ཚང་གི་ནོར་བུ།།
ཕ་མེས་རུས་པ་ཅན་གྱི་ཟུངས་ཁྲག།
ཕ་སྐད་ཕ་ཆོས་འདི་ལས་མེད་པས།།
ཕ་བཟང་བུ་དང་བུ་མོས་བདག་བྱོས།།
ཕ་ལོ་རྒྱང་དུ་ཕེབས་ཀྱང་ཅི་སྐྱོན།།
ཕ་ཡུལ་སྔར་བཞིན་དར་ན་དེས་ཆོག།
ཕ་བུའི་ཕུགས་ཀྱི་མདུན་མ་དེ་ཡང་།།
ཕ་གཞིས་བདེ་སྐྱིད་ཡོང་རྒྱུ་དེ་རེད།།
ཕ་བཟང་བུ་དང་མ་བཟང་བུ་མོས།།
ཕ་མེས་གོང་མའི་ཁ་ཏ་མ་བརྗེད།།
ཕ་ཁྱིམ་འདི་ཡི་སྲོལ་རྒྱུན་རིག་གནས།།
ཕ་མ་ཇི་བཞིན་བདག་སྐྱོང་བྱེད་དགོས།།
ཕ་རོལ་མི་ཡི་ཁ་ལ་ཉན་ཏེ།།
ཕ་དང་མེས་པོའི་མིང་རྣ་མ་རྫོད།།
ཕ་ས་འདི་ཡི་བདེ་སྡུག་ཡོད་ཚད།།
ཕ་བཟང་བུ་དང་བུ་མོར་ཐུག་ཡོད།།
ཕ་ཡུལ་གངས་ལྗོངས་ལུང་པ་འདི་ནས།།
ཕ་མེས་མཛད་པའི་རྒྱལ་མཚན་བསྒྲེང་ཞོར།།
ཕ་གཞིས་དར་རྒྱས་གོང་འཕེལ་གཏོང་བ།།
ཕ་བཟང་བུ་དང་བུ་མོའི་འགན་འཁྲི།།
རྩོམ་གསར། 10